སྤྱི་ཚོགས་དྲ་ལམ་དང་མིང་བྱང་རྫུན་མ་མང་པོས་རྒྱ་ནག་གིས་དྲིལ་བསྒྲགས་དང་འདོད་ཚུལ་བསྒྲུབ་བཞིན་ཡོད་འདུག

སྤྱི་ཚོགས་དྲ་ལམ་དང་མིང་བྱང་རྫུན་མ་མང་པོས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་དང་འདོད་ཚུལ་བསྒྲགས་ཞོར་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པ་ཚོར་བསུན་གཙེར་འདྲ་མིན་བྱེད་བཞིན་པ་ཞིབ་འཇུག་སྙན་ཐོའི་ནང་གསལ་འདུག
སྤྱི་ཚོགས་དྲ་ལམ་དང་མིང་བྱང་རྫུན་མ་༣༥༠་ལྷག་གིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་དང་འདོད་ཚུལ་བསྒྲགས་ཞོར་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པ་ཚོར་བསུན་གཙེར་འདྲ་མིན་བྱེད་བཞིན་པ་ཞིབ་འཇུག་སྙན་ཐོའི་ནང་གསལ་འདུག
དེ་ཡང་(The Centre for Information Resilience)་ཞེས་པའི་ལྟེ་གནས་ཁང་གིས་ཞིབ་འཇུག་བྱས་བ་ལྟར། སྤྱི་ཚོགས་དྲ་ལམ་དང་མིང་བྱང་རྫུན་མ་༣༥༠་ལྷག་ཡོད་པ་དེ་དག་གི་དམིགས་ཡུལ་གཙོ་བོ་ནི། ནུབ་ཕྱོགས་པའི་བཤད་ཚུལ་སོགས་ཁུངས་བདེན་མིན་པ་བཟོ་ཐབས་དང་། ཕྱི་ཕྱོགས་ལ་རྒྱ་ནག་གི་ཤུགས་རྐྱེན་དང་གཟུགས་བརྙན་ཡར་རྒྱས་གོང་སྤེལ་གཏོང་ཐབས་བྱེད་བཞིན་པ་དབྱིན་ཇིའི་བྷི་བྷི་སི་གསར་ལས་ཁང་ལ་གསུངས་འདུག
ལྟེ་གནས་ཁང་དེས་ཞིབ་འཇུག་གནང་བའི་སྙན་ཐོ་བྷི་བྷི་སི་གསར་ལས་ཁང་ལ་མཉམ་སྤྱོད་གནང་བ་ལྟར་ན། སྤྱི་ཚོགས་དྲ་གནས་རྫུན་མ་ཁག་གིས་དཔེར་ན། རྒྱ་ནག་གཞུང་ལ་སྦས་གསང་མེད་པར་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་ཨ་རིར་བཙན་བྱོལ་སུ་གནས་པའི་འབྱོར་ལྡན་པ་(Guo Wengui)་ལ་དམའ་འབེབས་རི་མོ་ཕར་ཚུར་བརྒྱུད་སྐུར་བྱས་བ་དང་། ཡང་ཨ་མི་རི་ཀའི་སྲིད་འཛིན་གོང་མ་(Donald Trump)་ལགས་ཀྱི་སློབ་སྟོན་པ་ཟུར་པ་(Steve Bannon)་ལགས་དང་། རྒྱ་རིགས་ཚན་རིག་པ་དང་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཕྱིན་པའི་སྐོར་ཐོག་མར་གནས་ཚུལ་སྤེལ་མཁན་(Li-Meng Yan)་སོགས་ཀྱི་ཟུར་ཟའི་རི་མོ་ཡང་བརྒྱུད་སྐུལ་བྱེད་ཀྱི་ཡོད་འདུག
སྤྱི་ཚོགས་དྲ་རྒྱ་རྫུན་མ་དེ་ཚོས་སྤེལ་བའི་གནས་ཚུལ་རྫུན་མ་ཁག་(Twitter)་དང་ངོ་དེབ། (Instagram) དེ་བཞིན་(Youtube)་བཅས་བརྒྱུད་ནས་ཁྱབ་སྤེལ་བྱེད་ཀྱི་ཡོད་འདུག
སྤྱི་ཚོགས་དྲ་རྒྱ་རྫུན་མ་དེ་དག་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་མེད་བརྗོད་དཀའ་ན་ཡང་དེ་དག་གིས་རྒྱ་ནག་གཞུང་གི་འདོད་ཚུལ་དར་འཕེལ་གཏོང་བཞིན་པ་དང་། རྒྱ་ནག་གཞུང་གི་སྐུ་ཚབ་དང་གཞུང་འབྲེལ་གསར་ལམ་ལམ་ཁག་གི་བྱེད་སྟངས་དང་གཅིག་མཚུངས་ཡིན་འདུག
དེ་ཚོའི་ནང་དོན་ཁག་ནི་གཙོ་བོ་ཨ་རིའི་ནང་མེ་མདའི་ཁྲིམས་གཞི་དང་། མི་རིགས་དབྱེ་འབྱེད་ནང་དོན་ཡིན་ཞིང་། དཔེར་ན། (George Floyd)་ཞུ་བའི་མི་རིགས་ནག་པོ་ཞིག་བསད་པ་དང་ཨེ་ཤི་ཡའི་མི་རིགས་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་པ་སོགས་ཀྱང་ཁྱབ་གདལ་གཏོང་ཐབས་བྱེད་ཀྱི་ཡོད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།