རྒྱ་ནག་གིས་གསང་ཉུལ་འགོག་རྒོལ་ཟེར་བའི་ལས་འགུལ་ནང་མི་མང་མཉམ་ཞུགས་ཡོང་ཐབས་བྱེད་བཞིན་པར་ཨ་རིས་བློ་ཚབས་ཡོད་པ་བསྟན་འདུག

དེ་ཡང་སྤྱི་ཟླ་༨པའི་ཚེས་༢ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་(Matthew Miller)་ཡིས་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག གསར་འགོད་པས་རྒྱ་ནག་གཞུང་གིས་འདི་ལོའི་སྤྱི་ཟླ་༧པ་ནས། གསང་ཉུལ་ལ་གདོང་ལེན་ཞེས་པའི་ཁྲིམས་གཞི་ལག་བསྟར་བྱས་ཡོད་པ་དང་བསྟུན། ཉེ་ཆར་རྒྱ་ནག་གི་བདེ་འཇགས་ཚན་པས་གསང་ཉུལ་བར་འགོག་རྒོལ་གྱི་ལས་དོན་ནང་མང་ཚོགས་མཉམ་ཞུགས་ཡོང་ཐབས་སྐུལ་སློང་ལས་དོན་སྤེལ་བ་དེས། རྒྱ་ནག་ནང་ཚོང་ལས་དང་བྱ་བཞག་གཉེར་བཞིན་པའི་ཨ་རིའི་མི་སེར་གྱི་བདེ་འཇགས་ལ་གནོད་སྐྱོན་ཐེབས་རྒྱུར་བློ་ཚབ་གནང་གི་ཡོད་མེད་ཐད་སྐད་ཆ་དྲིས་སྐབས། མགྲིན་ཚབ་པ་(Matthew Miller)་ཡིས། ང་ཚོར་དེའི་ཐད་བློ་ཚབས་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་མི་མང་ནང་ཁུལ་ཕན་ཚུན་སོ་ལྟ་བྱེད་རྒྱུར་སྐུལ་སློང་བྱས་པ་དེ་ནི་བློ་ཚབས་སྐྱེ་གཞི་ཞིག་རེད། ང་ཚོས་རྒྱ་ནག་གཞུང་གིས་གསར་ཏུ་ལག་བསྟར་བྱེད་བཞིན་པའི་གསང་ཉུལ་བར་འགོག་རྒོལ་གྱི་ཁྲིམས་གཞི་ཟེར་བ་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེ་བས་ཁྲིམས་སྒྲིག་དེའི་འོག་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་མི་སེར་རྣམས་དོན་མེད་འཛིན་བཟུང་བཀག་ཉར་བྱེད་སྲིད་པའི་བློ་ཚབས་ཡོད་ལ། གནད་དོན་དེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་དང་ཐུག་འཕྲད་སྐབས་སུ་དོགས་འདྲི་གནང་གི་ཡོད་པ་ནན་བརྗོད་གནང་འདུག
དེ་སྔོན་༢༠༡༨ལོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། ནག་ཆུ་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་བའི་ཡིག་ཆ་ཞིག་ལག་སོན་བྱུང་བའི་ནང་། སྤྱི་ཚོགས་ནང་ཟིང་སློང་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་། ཏཱ་ལའི་རུ་ཚོགས་སོགས་ཕྱི་ཕྱོགས་སྒྲིག་འཛུགས་སོགས་དང་འབྲེལ་བ་བྱེད་མཁན། སྐད་འཕྲིན་སོགས་ནང་གནས་ཚུལ་རྫུན་མ་སྤེལ་མཁན་ལ་སོགས་པ་མི་སྣ་རྩིས་སྤྲོད་བྱས་ཚེ་དངུལ་གྱི་བྱ་དགའ་སྤྲོད་རྒྱུ་བརྗོད་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་ལས་དོན་དེ་རིགས་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་ཡང་གཅིག་མཚུངས་སྤེལ་བཞིན་ཡོད་པ་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་གསང་ཉུལ་ལ་གདོང་ལེན་ཞེས་པའི་ཁྲིམས་གཞི་དེའི་འོག རྒྱལ་ནང་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བའི་གནས་ཚུལ་རིགས་མཁོ་སྤྲོད་དང་མཉམ་སྤྱོད་བྱེད་མི་ཆོག་པ་བཟོས་ཡོད་པ་མ་ཟད། གསང་ཉུལ་ལ་ཞིབ་འཇུག་གི་མིང་ཐོག་ནས་སྒེར་དང་ཚོགས་པ་སྒྲིག་འཛུགས་སོགས་ཀྱི་རྒྱུ་ནོར་དང་གནས་ཚུལ་ཉར་ཚགས་བྱས་ཡོད་པའི་གློག་ཀླད་རྩིས་འཁོར་བཅས་པར་བསྔོག་བཤེར་ཆོག་པའི་དབང་ཚད་བཟོས་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།