རྒྱ་ནག་གཞུང་གིས་ཨ་རིའི་ཞིང་ལས་བཟོ་རྩལ་རིག་གནས་མང་པོ་རྐུ་འཁྱེར་བྱེད་བཞིན་པ་ཐེར་འདོན་གནང་འདུག

2023.08.08
རྒྱ་ནག་གཞུང་གིས་ཨ་རིའི་ཞིང་ལས་བཟོ་རྩལ་རིག་གནས་མང་པོ་རྐུ་འཁྱེར་བྱེད་བཞིན་པ་ཐེར་འདོན་གནང་འདུག རྒྱ་ནག་དང་ཨ་རིའི་རྒྱལ་དར།
སྒྲིག་བཟོ། /RFA

བདུན་ཕྲག་སྔོན་མའི་ནང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་རྒྱ་ནག་ཐོག་གི་དམིགས་བསལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Mike Gallagher)་ལགས་དང་། ལས་དོན་ཚོགས་ཆུང་དེའི་ཚོགས་མི་མཐོ་གྲས་(Raja Krishnamoorthi)་ལགས་རྣམ་གཉིས་ཨ་རིའི་མངའ་སྡེ་ལོ་ཝ་(Iowa)་ནས་ཡིན་པའི་གྲོས་ཚོགས་འོག་མའི་འཐུས་མའི་ལྕམ་(Ashley Hinson)་ལགས་དང་ལྷན་དུ། ལོ་ཝ་མངའ་སྡེའི་(Dysart)་ཞེས་པའི་བཟོ་རྩལ་རིག་པའི་སྒོ་ནས་གསར་གཏོད་བྱས་པའི་འབྲུའི་ས་བོན་འདེབས་ལས་བྱེད་སར་ཕེབས་ནས། ཨ་རིའི་ཞིང་པ་ཚོར་རྒྱ་ནག་གིས་ཨ་རིའི་ཞིང་ལས་བཟོ་རྩལ་རིག་པའི་སྒོ་ནས་གསར་གཏོད་བྱས་པའི་འབྲུའི་ས་བོན་དང་དེའི་རིག་གནས་རྐུ་འཁྱེར་བྱེད་བཞིན་པའི་སྐོར་དང་། རྒྱ་ནག་དམར་པོའི་ངན་བྱུས་དེ་དག་ལ་བརྟེན་ནས་ཨ་རིའི་སོ་ནམ་ཞིང་ལས་ལ་གནོད་སྐྱོན་ཇི་ཙམ་གཏོང་གི་ཡོད་སྐོར་བཀའ་མོལ་གནང་འདུག
དེའི་གོང་ལ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལས་གྲུབ་པའི་རྒྱ་ནག་ཐོག་གི་དམིགས་བསལ་ལས་དོན་ཚོགས་ཆུང་གིས་གྲོས་ཚོགས་ནང་ཉན་ཞིབ་ཞིག་སྐོང་ཚོགས་གནང་སྐབས། ལས་དོན་ཚོགས་ཆུང་འདིའི་ཚོགས་གཙོ་(Mike Gallagher)་ལགས་ཀྱིས། ཨ་རིའི་བཟོ་རྩལ་རིག་གནས་དང་དེ་ལ་བརྟེན་ནས་གསར་གཏོད་བྱས་པའི་འབྲུ་ཡི་ས་བོན་ཁག་རྒྱ་ནག་གིས་ཉིན་ལྟར་འཇབ་རྐུ་རྒྱག་གི་ཡོད་སྐོར་གསུངས་པ་མ་ཟད། ཨ་མི་རི་ཀས་རང་གི་བཟོ་རྩལ་རིག་གནས་དང་ཨ་རིའི་ཐོན་ཁུངས་ཁག་སྲུང་སྐྱོབ་གནང་རྒྱུ་ཡིན་སྐོར་གསུངས་འདུག
ཡང་གོང་ཞུས་གནད་དོན་ཐད་དཔྱད་ཞིབ་གནང་མཁན་ཨ་རི་བ་ཞིག་གིས་གསུངས་ན། ང་ཚོར་རང་དབང་གི་ཁྲོམ་རའི་དཔལ་འབྱོར་ཡོད་སྟབས་བཟོ་རྩལ་རིག་གནས་ཐོག་ནས་གསར་གཏོད་མང་པོ་བྱེད་ཀྱི་ཡོད་རེད། ཨ་མི་རི་ཀས་གསར་གཏོད་བྱས་པ་བཞིན་རྒྱ་ནག་གིས་ང་ཚོས་གསར་གཏོད་བྱས་བ་ཁག་རྐུ་འཁྱེར་བྱེད་ཀྱི་ཡོད་སྐོར་གསུངས་འདུག
ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་དམིགས་བསལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Mike Gallagher)་ལགས་ཀྱིས། ཕྱི་ལོ་༢༠༡༡་ལོར་རྒྱ་ནག་གི་མི་སེར་ཞིག་གིས་ཨ་རིའི་འབྲུ་ཡི་ས་བོན་གྱི་གསང་གནས་སྐོར་ནག་ཚོང་རྒྱག་ཐབས་བྱས་སྐབས་ཤེས་རྟོགས་བྱུང་ལུགས་ཀྱི་གནས་ཚུལ་གསུངས་འདུག
ཨ་རིའི་གསང་བའི་ལས་ཁུངས་(FBI)་ཡིས་གོང་ཞུས་གནས་ཚུལ་དང་འདྲ་བའི་དོན་རྐྱེན་བྱུང་བ་ཁག་གི་སྐོར་དཔྱད་ཞིབ་གནང་བ་དང་། ཕྱི་ལོ་༢༠༡༨་ལོར་རྒྱ་རིགས་ཚན་རིག་པ་ཞིག་གིས་ཨ་རིའི་(Kansas)་མངའ་དེའི་ནང་གི་སྐྱེན་ལྡན་རྫས་སྦྱོར་གྱི་ཞིབ་འཇུག་ཁང་ཞིག་ནས་འབྲས་ཀྱི་ས་བོན་འདྲ་མིན་སྣ་ཚོགས་ཀྱི་དཔེ་ཚད་རྐུ་ཐབས་བྱས་པར། ཁོང་པར་ཟླ་བ་༡༢༡་རིང་བཙོན་འཇུག་བྱས་འདུག་ལ། ཡང་སྔ་ལོ་ཞང་ཧེ་ཐོ་(Xiang Haitao)་ཟེར་བའི་རྒྱ་ནག་གི་མི་སེར་ཡིན་པ་ཞིག་གིས་འཕྲུལ་འཁོར་བཀོལ་སྤྱོད་བྱས་ནས་རྩིས་རྒྱག་ཐབས་འགྲོ་ལུགས་ཀྱི་གཉེན་ཆས་ཀྱི་འདྲ་བཤུས་བརྐུས་ནས་རྒྱ་ནག་ལ་འགྲོ་ཐབས་བྱས་སྐབས་འཛིན་བཟུང་གིས་ལོ་གཉིས་ལྷག་རིང་བཙོན་འཇུག་བྱས་འདུག
ཨ་རིའི་གསང་པའི་ལས་ཁུངས་ཀྱི་གནས་ཚུལལྟར་ན། རྒྱ་ནག་གིས་ཨ་སྒོར་ས་ཡ་༢༢༥ནས་༦༠༠མ་གནས་ཀྱི་ཨ་རིའི་བཟོ་རྩལ་རིག་གནས་དང་ཚོང་འབྲེལ་གསང་གནས་ལོ་ལྟར་རྐུ་ཁྱེར་བྱེད་ཀྱི་ཡོད་པ་དང་། དེ་མི་བཞི་ཡོད་པའི་ཨ་རིའི་ནང་མི་ཞིག་ལ་མཚོན་ན། ལོ་ལྟར་ནང་མི་དེ་ནས་ཨ་སྒོར་བཞི་སྟོང་སྐུ་འཁྱེར་བྱེད་ཀྱི་ཡོད་པ་དཔེ་མཚོན་བྱས་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎