རྒྱ་ནག་གིས་བོད་ནང་རྒྱལ་སྤྱིའི་དྲིལ་བསྒྲགས་ཁྱབ་སྤེལ་ལྟེ་གནས་བཙུགས་པ་ནི་དྲིལ་བསྒྲགས་ལོག་སྤྱོད་དང་དོན་དངོས་སྦས་ཐབས་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་བྱུང་།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་སྤྱིའི་དྲིལ་བསྒྲགས་ཁྱབ་སྤེལ་ལྟེ་གནས་ཟེར་བ་ཞིག་དངོས་སུ་བཙུགས་ནས་སྤྱི་ཟླ་༩་ཚེས་༢་ཉིན་སྒོ་འབྱེད་བྱས་འདུག་པ་དང་། ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲིལ་བསྒྲགས་ཁང་དང་རྒྱ་ནག་ཕྱི་སྐད་དཔེ་སྐྲུན་དང་འགྲེམས་སྤེལ་ཁང་ཟེར་བ་དེ་གཉིས་ཀྱིས་བོད་ནང་གི་ཐབས་བྱུས་མཉམ་ལས་ལ་ས་རྟགས་བཀོད་ནས་བོད་རིགས་གནས་སྡོད་ཞིང་ཆེན་གཞན་སྟེ། སི་ཁྲོན་དང་ཡུན་ནན། ཀན་སུའུ་དང་མཚོ་སྔོན་སོགས་ཀྱི་ཞིང་ཆེན་ཁག་ནང་གི་དྲིལ་བསྒྲགས་ཁང་ཁག་དང་བོད་སྐོར་དང་འབྲེལ་བའི་གནས་ཚུལ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་སྐོར་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་བཀོད་འདུག་པ་དང་། རྒྱ་གཞུང་གིས་བོད་ནང་གི་གནས་ཚུལ་ལ་དྲིལ་བསྒྲགས་དེ་འདྲ་རྒྱ་ཆེན་པོ་གཏོང་རྒྱུའི་མཐར་ཐུག་གི་དམིགས་ཡུལ་ནི་བོད་ཀྱི་གནས་ཚུལ་དྲིལ་བསྒྲགས་ལོག་པར་བཏང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་དངོས་ཡོད་གནས་ཚུལ་སོགས་སྦས་སྐུང་ཆེད་ཡིན་པ་བོད་མི་དམངས་སྤྱི་འཐུས་ལས་ཐོག་དང་། བོད་དོན་བསྟི་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་ནིའུ་ཡོག་ཏུ་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་མཁས་དབང་(Teng Biao)་ལགས་ཀྱིས་རྒྱ་གཞུང་གིས་དུས་རྒྱུན་དྲིལ་བསྒྲགས་ལོག་པར་བཏང་ནས་མི་དམངས་མགོ་སྐོར་འོག་ཚུད་ཐབས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་བཞིན། ད་རེས་ཐོན་པའི་གནས་ཚུལ་དེས་བྱེད་སྟངས་གཅིག་མཚུངས་ཡིན་པ་དང་། ཐབས་བྱུས་འདྲ་མིན་གྱིས་ལས་དོན་ཤུགས་ཆེན་རུ་གཏོང་རྒྱུ་ཡིན་པ་ཞིག་ཆགས་ཡོད་ཅེས་གསུངས་བྱུང་།
གོང་ཞུས་རྒྱལ་ས་ལྷ་སའི་ནང་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཟེར་བ་བཙུགས་ཡོད་ཚུལ་གྱི་གནས་ཚུལ་ཐོན་པ་དེའི་ནང་། ལྟེ་གནས་དེ་ནི་ཕྱི་ཕྱོགས་སུ་གནས་ཚུལ་ཁྱབ་སྤེལ་བྱེད་པའི་སྐར་ཁུང་ལྟ་བུ་ཡིན་པ་དང་། དེ་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་མང་པོར་བོད་སྐོར་ལ་ཤེས་རྟོགས་དང་། རྒྱུས་ལོན། དགའ་ཞེན་བཅས་བྱེད་ཐུབ་པ་བརྒྱུད་ནས་བོད་ཡུན་རིང་བདེ་བར་འཁོད་པ་དང་འཕེལ་རྒྱས་སྤུས་ཚད་མཐོ་པོ་ཡོད་པ་ཕྱི་ཕྱོགས་ཀྱི་གླེང་ཕྱོགས་ཡོང་ཐུབ་པ་ཞིག་བཟོ་རྒྱུ་ཡིན་པ་ཡང་བཀོད་འདུག

དེང་སང་བོད་མདོ་དབུས་ཁམས་གསུམ་ནང་གི་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་བོད་མིའི་སྒྲིག་འཛུགས་དང་། བོད་མི་ཚོགས་སྡེ་ཁག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན་ནས་རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་ལྟ་སྟངས་ཡག་པོ་མེད་པས་རྒྱ་གཞུང་གིས་ཤེས་རྟོགས་ཀྱིས་དེའི་ཁ་གཏད་ཀྱི་ཚུལ་དུ་ཉེ་བའི་ཆར་ནས་བོད་ནང་དུ་དྲྭ་ཐོག་ཏུ་ཁྱབ་སྤེལ་བྱེད་མཁན་མང་པོ་མངགས་གཏོང་གིས་བོད་ནང་གི་གནས་ཚུལ་བཤད་བཅུག་པ་དང་། ལྷག་པར་དུ་བོད་ནང་གི་བོད་མི་མང་པོར་དྲ་ལམ་བརྒྱུད་ནས་ཡུལ་ལྗོངས་ངོ་སྤྲོད་དང་ཟས་རིགས་འགྲེལ་བཤད་སོགས་བྱས་བཅུག་ནས་བོད་ནང་གི་བོད་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་བསྐྱེད་བཞིན་ཡོད་ཚུལ་གྱི་སྣང་བརྙན་བསྐྲུན་གྱི་ཡོད་པ་འཕྲུལ་ལས་ཆེད་མཁས་བ་བློ་བཟང་རྒྱ་མཚོ་ལགས་ཀྱིས་དོ་སྣང་བྱུང་བ་འགྲེལ་བརྗོད་གནང་བྱུང་།
འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་མང་པོས་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་ཡོད་ཚུལ་སོགས་ཀྱི་དྲིལ་བསྒྲགས་ལོག་པ་ཤུགས་ཆེན་བྱས་ཀྱང་དོན་དངོས་བོད་ནང་གི་བོད་མི་ཚོ་ལ་འགྲོ་སྡོད་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་རྒྱུར་གཡོལ་ཐབས་བྱེད་ཀྱི་ཡོད་ཅེས་རྒྱུན་དུ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
གོང་ཞུས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་དེས་གནས་ཚུལ་སྤེལ་བའི་ནང་། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཟེར་བ་དེས་རྒྱ་ནག་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་གསར་གཏོད་ཀྱི་བསམ་གཞིགས་དང་། སྣ་མང་གི་ཐབས་ལམ། ཕུན་སུམ་ཚོགས་པའི་ནང་དོན་བཅས་ལ་བརྟེན་ནས་བོད་འབྲེལ་རྒྱལ་སྤྱིའི་མ་ལག་བསྐྲུན་ཏེ་འཛམ་གླིང་ལ་ཇི་མ་ཇི་བཞིན་ཀྱི་བོད་ལྗོངས་མངོན་པ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག དེའི་ཐད་མཁས་དབང་(Teng Biao)་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་སྐོར་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་སོགས་ཀྱི་ཐབས་ལམ་འདྲ་མིན་བཀོལ་སྤྱོད་ཀྱིས་རྒྱ་གཞུང་གི་ལྟ་བའི་སློབ་གསོའི་ཁོ་ནར་བརྟེན་མཁན་མི་ཁག་ཅིག་ལ་གནས་སྐབས་ཡིད་དབང་འཕྲོག་པ་བྱེད་ཐུབ་ནའང་། གནས་ཚུལ་ཡོང་ཁུངས་མང་པོར་གཞི་འཛིན་མཁན་དང་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་ཡོད་མཁན་རིགས་རྒྱ་གཞུང་གི་མགོ་བསྐོར་འོག་ཚུད་ཐུབ་ཀྱི་མ་རེད་ཅེས་བརྗོད་སོང་།
གོང་ཞུས་རྒྱ་ནག་གི་བོད་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱེད་རྒྱུའི་ལས་དོན་དེའི་ནང་དུ། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཕྱི་ཕྱོགས་ཁྱབ་སྤེལ་ལྟེ་གནས་ཟེར་བ་ཞིག་ཀྱང་བཙུགས་ཡོད་པའི་ཁར། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཟེར་བ་དེས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་། བོད་ལྗོངས་སྨྱན་སྤྱོར་ཚོགས་པ་ཟེར་བ་དང་མཉམ་དུ་བོད་ལྗོངས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཀུན་འདུས་སྨྱར་སྤྱོར་ལས་སྟེགས་བོད་ལྗོངས་ཀུན་གསལ་ཟེར་བ་ཡང་དྲྭ་ཐོག་ཏུ་མི་རིང་བར་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་གསལ་འདུག
བློ་བཟང་རྒྱ་མཚོ་ལགས་ཀྱིས་ད་རེས་བོད་སྐོར་ཀྱི་གནས་ཚུལ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཤུགས་ཆེན་བྱེད་རྒྱུའི་གནས་ཚུལ་ཐོན་པ་དེས་བོད་ནང་གི་བོད་མི་ཚོ་རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོང་གི་ལས་དོན་མུ་མཐུད་སྤེལ་ཐབས་ཀྱི་ལམ་ཁ་འཚོལ་དགོས་པའི་ཁར། བཙན་བྱོལ་བོད་མི་ཚོས་རྒྱ་གཞུང་གི་བོད་སྐོར་ཀྱི་དྲིལ་བསྒྲགས་ལོག་པར་གཏོང་བཞིན་པར་ཁ་གཏད་ཀྱི་ལས་འགུལ་ཐབས་བྱུས་ཀྱི་ཁ་ཕྱོགས་གསར་པ་འཚོལ་རྒྱུ་དང་། དེ་སྔོན་ལས་བོད་དོན་སྐོར་ཀྱི་ཁྱབ་བསྒྲགས་ཀྱི་ལས་འགན་ཆེ་རུ་ཕྱིན་པར་ངོས་འཛིན་གནང་གི་འདུག
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།