ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་ར་སྦི་ཡཱ་ཀ་རྡིར་ཉི་ཧོང་དུ་ཕེབས་སྐོར།
2009.07.28
༄༅༎བཙན་བྱོལ་དུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་དབུ་འཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ཉི་ཧོང་དུ་ཕེབས་པར་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཉེ་ཆར་ཤར་ཏུར་ཀི་སི་ཐན་ནང་བྱུང་བའི་དོན་རྐྱེན་དེ་ཁོང་གིས་ཆེད་སློང་གནང་པ་ཞིག་ཡིན་པའི་སྙོན་འཛུགས་བྱེད་བཞིན་ཡོད་པ་རེད།
ར་སྦི་ཡ་ཀ་རྡིར་ནི་ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་ཡུ་གུར་ཨ་རིའི་ལྷན་ཚོགས་ཀྱི་འགོ་འཁྲིད་ཡང་ཡིན་ཞིང་ཁོང་ད་རེས་ཉི་ཧོང་དུ་ཕེབས་དོན་གཙོ་བོ་ནི་ཤར་ཏུར་ཀི་སི་ཐན་ཡུ་གུར་ཁ་ཆེའི་མི་རིགས་ཚོར་རྒྱབ་སྐྱོར་རོགས་རམ་འཚོལ་ཐབས་ཆེད་ཡིན་འདུག་ཅིང་གཟའ་མིག་དམར་ཉིན་ཉི་ཧོང་གི་ན་རི་ཏ་གནམ་ཐང་དུ་ཕེབས་འབྱོར་སྐབས་རྒྱབ་སྐྱོར་བཉི་ཧོང་གི་མི་ཁ་ཤས་ཀྱིས་ལག་ཏུ་ཡུ་གུར་མི་རིགས་ལ་རང་དབང་དགོས་ཞེས་སོགས་ཀྱི་འབོད་ཚིག་འཁོད་པའི་སྦྱར་ཡིག་སོགས་འཁྱེར་སྟེ་སྣེ་ལེན་ཞུ་བར་སླེབས་ཡོད་འདུག
པེ་ཅིང་ནས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་དེའི་སྐབས་མགྲིན་ཚབ་པ་ཅིང་ཀང་གིས་རྒྱ་ནག་གཞུང་ནས་ཉི་ཧོང་གཞུང་ལ་འགྲེལ་བརྗོད་རིམ་པ་ཞུས་ཀྱང་གསན་འཇོག་མེད་པར་ར་སྦི་ཡ་ཀ་རྡིར་ཉི་ཧོང་གི་ས་ཐོག་ཁ་བྲལ་གྱི་ལས་འགུལ་སྤེལ་བར་ཡོང་དུ་བཅུག་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་མི་དགའ་བ་ཆེན་པོ་བྱུང་ལུགས་བརྗོད་ཡོད་པ་རེད།
ལྕམ་ར་སྦི་ཡ་ཀ་རྡིར་ཕྱི་ལོ་ཉིས་སྟོང་ལྔ་ལོར་ཨ་མི་རི་ཀའི་གནོན་ཤུགས་ལ་བརྟེན་ནས་བཙོན་ནས་གྲོལ་མ་ཐོབ་བར་ལོ་དྲུག་རྒྱ་མིའི་བཙོན་ཁང་དུ་ཚུད་ཡོད་པ་རེད།
ཉི་ཧོང་དུ་ཡོད་པའི་རྒྱབ་སྐྱོར་བ་ཚོས་བརྗོད་ན་སྔོན་འཆར་ལྟར་ན་ལྕམ་ར་སྦི་ཡ་ཀ་རྡིར་ཉི་ཧོང་དུ་ཉིན་གྲངས་ལྔའི་རིང་ཞུགས་འཆར་ཡིན་འདུག་ན་ཡང་གཟའ་པ་སངས་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་རྒྱུ་ཡིན་པ་དེར་བཅར་གཏན་འཁེལ་སྟབས་ཉི་ཧོང་དུ་ཉིན་གྲངས་གསུམ་ལས་བཞུགས་བཞག་གནང་རྒྱུ་མིན་པ་རེད་འདུག
དེའི་རིང་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་རྒྱུ་དང་གཞུང་འཛིན་སྲིད་བློན་ཏ་རོ་ཨ་སོའི་གུ་ཡངས་མང་གཙོ་ཚོགས་པའི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་ར་སྦི་ཡ་ཀ་རྡིར་གྱི་རྒྱབ་སྐྱོར་བ་ཚོས་བརྗོད་བཞིན་ཡོད་ན་ཡང་ཉི་ཧོང་གི་གཞུང་འཛིན་ཚོགས་པའི་མི་ཞིག་གིས་འདིའི་སྐོར་གང་ཡང་ཤེས་རྟོགས་མེད་ལུགས་ཕེ་རན་སི་གསར་ལས་ཁང་ལ་བརྗོད་འདུག
ལྕམ་ར་སྦི་ཡ་ཀ་རྡིར་དང་ཉི་ཧོང་གི་དཔོན་རིགས་སུ་ཞིག་དང་ཡང་མཇལ་འཕྲད་གནང་ཡང་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཆེན་པོ་བྱེད་རྒྱུ་ངེས་པ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།