བོད་ནང་མནར་གཅོད་ཕོག་མིའི་གནས་སྟངས་ངོ་སྤྲོད།
2011.12.02
༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་༡༡པའི་ཚེས་༢༢ནས་༢༦བར་ཉིན་ལྔའི་རིང་ཕེ་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་མནར་གཅོད་ཕོག་མིར་སྨན་བཅོས་རུ་ཁག་དང་ རྒྱལ་སྤྱིའི་མནར་གཅོད་ཕོག་མི་བསྐྱར་གསོ་ལས་འགུལ་ལྷན་ཁང་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག་ ཤར་གླིང་ཨེ་ཤི་ཡའི་ཚོགས་ཆེན་ཞིག་ཚོགས་ཀྱི་་ཡོད་པ་དང་ དེའི་ཐོག་ཨེཤི་ཡའི་རྒྱལ་ཁབ་ཁོངས་ནས་རྒྱ་གར་དང་ ཕེ་ལི་ཕིན་ ཨིན་ཌོ་ནེ་ཤི་ཡ་ ཁམ་སྦོ་གྲི་ཡ་ སྦང་ལ་རྡེ་ཤི་ པ་ཀི་སི་ཐན་དང་ ཐའེ་ལེན་ཌི་ ཧོང་ཀོང་ བལ་ཡུལ་ རྒྱ་ནག་སོགས་རྒྱལ་ཁབ་༡༡་ནས་ཚོགས་བཅར་བ་མི་གྲངས་༤༠ཙམ་ཕེབས་ཡོད་ཅིང་ བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མནར་གཅོད་ཕོག་མིར་རོགས་སྐྱོར་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་རྣམ་རྒྱལ་དོན་གྲུབ་ལགས་ཀྱང་མཉམ་བཞུགས་གནང་རྒྱུའི་གོ་སྐབས་ཐོབ་ཡོད་ ཚོགས་འདུའི་བརྗོད་གཞི་ནི་ མནར་གཅོད་ཕོག་མིར་སོ་སོི་མི་ཚེ་བསྐྱར་གསོ་བྱ་རྒྱུར་ཁྲིམས་ཀྱི་མདུན་སར་དྲང་བདེན་གྱི་གོ་སྐབས་ཞེས་པ་ཡིན་འདུག་པ་དང་ ཚོགས་འདུའི་སྐབས་འཕྲོད་བསྟེན་ལས་བྱེད་རྣམ་རྒྱལ་དོན་གྲུབ་ལགས་ཀྱིས་བོད་ནང་ཆབ་སྲིད་བཙོན་པ་རྣམས་ལ་བསམ་ཡུལ་ལས་འདས་པའི་གདུག་རྩུབ་མནར་གཅོད་ཇིེ་ལྟར་བཏང་ཚུལ་དང་ ལྷག་པར་དུ་དེང་སྐབས་བོད་ནང་ཛ་དྲག་གི་གནས་སྔངས་འོག་བོད་མི་བཅུ་ཕྲག་ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་རང་སྲོག་བློས་གཏོང་བྱས་པའི་བརྙན་འཕྲིན་དཔར་ཐུང་ཐུང་ཞིག་ཀྱང་བསྟན་ཡོད་པ་རེད་ བོད་ནང་གི་གི་ཆབ་སྲིད་བཙོན་པ་རྒྱ་གར་དུ་ཕེབས་འབྱོར་ཐུབ་པ་རྣམས་ལ་ ཆབ་སྲིད་བཙོན་ཟུར་དོ་བདག་དང་འབྲེལ་ཡོད་ནང་མི་བཅས་པར་ བོད་མིའི་སྒྲིག་འཛུགས་ཀྱིས་འཚོ་བའི་དཀའ་ངལ་སེལ་རྒྱུའི་མཐུན་རྐྱེན་དུ་འཚོ་སྣོན་དང་ སྨན་བཅོས་དུས་ནས་དུས་སུ་ཁྱིམ་དུ་བལྟ་བསྐོར་ སེམས་གསོ་འཕྲོད་བསྟེན་སློབ་གསོ་དང་སྦྱོང་བརྡར་སོགས་གནང་དང་གནང་མུས་སྐོར་གློག་ཀླད་ཀྱི་ལམ་ནས་ཚོགས་བཅར་བ་རྣམས་ལ་ངོ་སྤྲོད་གནང་ཡོད་པ་དང་འབྲེལ་ རང་བཙན་རྒྱལ་ཁབ་ཁག་གི་ནང་མནར་གཅོད་ཕོག་པའི་གང་ཟག་གང་ཞིག་ལ་ཁྲིམས་གཏུགས་བྱ་རྒྱུའི་གོ་སྐབས་ཡོད་པ་བཞིན་ བོད་ནང་མནར་གཅོད་ཕོག་མི་རྣམས་གནར་གཅོད་ཕོག་མི་གཞན་དང་གཅིག་མཚུངས་ཡིན་ན་ཡང་ དེ་ལྟར་གྱི་ཁྲིམས་གཏུགས་བྱ་རྒྱུའི་གོ་སྐབས་དང་ཐོབ་ཐང་མེད་པ་འགྲེལ་བརྗོད་གནང་འདུག ཁོང་གིས་གསུང་བཤད་གྲུབ་མཚམས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་དྲི་བ་དྲིས་ལན་ཡང་གནང་འདུག