ཨི་ཊ་ལིར་ཡོ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་ཚོགས་འདུག
དེ་ཡང་ཕྱི་ཟླ་༡༠བའི་ཚེས་གཅིག་དང་གཉིས་བཅས་ཉིན་གཉིས་རིང་། ཡོ་རོབ་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་དེ་ཡོ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིའི་མི་ལན་དུ་ཡོད་པའི་དགེ་འཕེལ་གླིང་དུ་ཚོགས་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཆེད་ཕེབས་གནང་ཡོད་འདུག
ཨི་ཊ་ལིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཆོས་གྲུབ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་རེས་ཚོགས་ཆེན་སྐབས་གཙོ་བོ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་དང་དེར་བོད་རིགས་ཚོགས་པ་ཁག་ཚང་མ་མཉམ་རུབ་བྱེད་སྟངས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༧སྐུའི་གོ་སྟོན་སྐབས་ཡོ་རོབ་ཀྱི་བོད་རིགས་ཚོགས་པ་ཐུན་མོང་གིས་མགོན་པོ་༧གང་ཉིད་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་ཐབས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་དབུ་འོག་དཔུང་འདེགས་ཞུ་ཕྱོགས། ལོ་རྗེས་མའི་གསུམ་བཅུའི་དུས་དྲན་སྐབས་གཞི་རྒྱ་ཆེ་བའི་རྔམ་སྟོན་ལས་འགུལ་སྤེལ་རྒྱུ་གཙོས་ཡོ་རོབ་ཁུལ་དུ་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་སོགས་གྲོས་གཞི་ཁག་ལྔའི་ཐོག་གོ་བསྡུར་གནང་ཡོད་པ་ངོ་སྤྲོད་གནང་བྱུང་།
ཚོགས་འདུ་དབུ་འབྱེད་སྐབས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། བོད་དོན་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཚོའི་སྲིད་གཞུང་ཁག་གིས་རྒྱབ་སྐྱོར་གནང་བ་དེ། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་པར་བརྟེན་ནས་ད་བར་བོད་དོན་གསོན་པོར་གནས་ཐུབ་པ་བྱུང་ཡོད་པའི་སྐོར་དང་། མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་། ད་ལྟའི་བོད་ནང་གི་གནས་སྟངས་སོགས་གོ་རྟོགས་སྤེལ་ཏེ་བོད་རིགས་གཞོན་སྐྱེས་རྣམས་བོད་ཀྱི་འཐབ་རྩོད་དང་ཐག་ཇེ་ཉེར་གཏོང་རྒྱུ་གལ་ཆེན་པོ་ཡིན་པ། ཡོ་རོབ་མཐུན་ཚོགས་གཙོས་པའི་རྒྱལ་ཁབ་ཁག་ཏུ་བོད་དོན་ཞུ་གཏུག་གནང་སྐབས་སྤྱི་མཐུན་གྱི་འབད་བརྩོན་ཐབས་ལམ་གལ་ཆེ་ཤོས་ཡིན་ཞིང་། བོད་མི་རྣམས་ཀྱིས་གནས་ཡུལ་རྒྱལ་ཁབ་སོ་སོའི་མི་དམངས་དང་ལྷན་དུ་མཐུན་ལམ་གང་ལེགས་དགོས་གལ་ཆེ་བ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་འདུག
ཉིན་གཉིས་ཀྱི་ཚོགས་འདུའི་ཐོག་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་དང་ས་གནས་དགུ་ནས་ཚོགས་བཅར་བ་འཐུས་མི་༢༧མཉམ་ཞུགས་ཀྱིས་གྲོས་བསྡུར་བགྲོ་གླེང་གནང་ཡོད་པ་དང་། ཚོགས་འདུའི་གཙོ་སྐྱོང་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། ཐུབ་བསྟན་རྒྱ་མཚོ་ལགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བཅས་ཀྱིས་གནང་ཞིང་། ཚོགས་འདུའི་ཟུར་ཉན་དུ་ཡོ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་འགའ་ཤས་ཀྱི་སྐུ་ཚབ་ཕེབས་ཡོད་པ་དང་། ཚོགས་འདུ་དེ་བཞིན་སུད་སི་སྐུ་ཚབ་དོན་ཁང་དང་། ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་རྣམ་པ། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། པེ་རི་སིའི་འབྲེལ་མཐུད་པ། ཨི་ཊ་ལཱི་ཁུལ་གྱི་བོད་རིགས་བཅས་ནས་མཉམ་སྦྲེལ་ཐོག་གོ་སྒྲིག་ཞུས་བ་ཡིན་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།