ཕྱི་དྲིལ་བཀའ་བློན་མཆོག་གིས་ཉི་ཧོང་ནང་གཞུང་འབྲེལ་འཚམས་གཟིགས་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་སྤྱི་ཟླ་༧པའི་ཚེས་༡༠ ནས་བཟུང་བདུན་ཕྲག་གཅིག་རིང་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་འཚམས་གཟིགས་གནང་བཞིན་པ་དང་། སྐབས་དེའི་རིང་རྒྱལ་ཁབ་དེའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་དང་། ཊོཀྱོ་(Tokyo)་གཙུག་ལག་སློབ་གཉེར་ཁང་གི་བོད་སོག་རིག་གཞུང་དང་ཆོས་ཕྱོགས་ཀྱི་ཚོགས་འདུའི་ཐོག་གསུང་བཤད། གསར་འགོད་གསལ་བསྒྲགས། དཔེ་དེབ་དབུ་འབྱེད། དེ་བཞིན་ས་གནས་བོད་རིགས་སོགས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག་ཅིང་། ཉི་ཧོང་༧སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ད་རེས་ཕྱི་དྲིལ་བཀའ་བློན་ལྷན་ཞུགས་ཐོག་བོད་སོག་འབྲེལ་བའི་སྐོར་གྱི་ལོ་རྒྱུས་ཐོག་མཁས་པའི་བགྲོ་གླེང་གི་ཚོགས་འདུ་དེ་བཞིན་ཧ་ཅང་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་སོག་གི་ལོ་རྒྱུས་དང་འབྲེལ་བའི་འཁྱོག་བཤད་མང་དག་ཅིག་བྱེད་མུས་ཡིན་པ་དེ་ཐེར་འདོན་ཀྱིས་ཁུངས་ལྡན་ལོ་རྒྱུས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཊོཀྱོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་བོད་དང་སོག་པོའི་བར་གྱི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་གྱི་མཁས་པའི་བགྲོ་གླེང་དེ་བཞིན་སྤྱི་ཟླ་༧པའི་ཚེས་༡༥ཉིན་འཚོགས་གཏན་འཁེལ་ཡོད་པ་དང་། དེ་ཡང་སྤྱི་ལོ་༡༩༡༣ལོའི་སྤྱི་ཟླ་༡ པོའི་ནང་སོག་ཡུལ་གྱི་རྒྱལ་ས་(Ulaanbaatar)་རུ། བོད་སོག་ཆིངས་ཡིག་བཞག་སྟེ་འདི་ལོར་ལོ་བརྒྱ་དང་བཅུ་འཁོར་གྱི་ཡོད་པ་རེད། བགྲོ་གླེང་ཐོག་བོད་དང་སོག་པོ། ཉི་ཧོང་སོགས་ཀྱི་ཉམས་ཞིབ་པ་དང་ལོ་རྒྱུས་སྨྲ་བ། མཁས་པ་སོགས་ལྷན་ཞུགས་གནང་གི་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོན་མ་ལགས་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས། གནད་དོན་དེ་དང་འབྲེལ་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་སྔ་བོད་སོག་གཉིས་བར་ཆོས་ཕྱོགས་ཀྱི་ཐོག་ནས་དམིགས་བསལ་འབྲེལ་བ་བྱུང་ཡོད། དེ་ཡང་༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས། སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་དགེ་ལུགས་པའི་བསྟན་པ་ཤུགས་ཆེ་དར་སྤེལ་མཛད་ཡོད་ལ། ༧རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་སོག་ཡུལ་དུ་སྐུ་འཁྲུངས་པ་ཙམ་དུ་མ་ཟད། སོག་པོ་གུ་ཤྲི་ཁང་གི་རྒྱབ་སྐྱོར་ལ་བརྟེན་ནས་༧རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་མངའ་སྲོལ་ཞུས་ཡོད།
རྒྱ་ནག་གཞུང་གིས་ད་སྐབས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་བསྒྱུར་བ་གཏོང་ཐབས་བྱེད་མུས་ཡིན་པ་མ་ཟད། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་མ་འོངས་པའི་༧སྐུའི་ཡང་སྲིད་དེ་རྒྱ་ནག་གཞུང་གིས་ཐག་གཅོད་བྱེད་རྒྱུ་ཡིན་ལུགས་བཤད་ཡོད་པར། ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས། རྒྱ་ནག་གཞུང་གིས། ༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་དབང་མེད་པའི་དགག་ལན་བརྒྱབ་པ་ཙམ་དུ་མ་ཟད། ཁྲིམས་ཡིག་ཀྱང་གཏན་འབབས་གནང་ཡོད།
(Super Samgha)་ཞེས་པའི་ཉི་ཧོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་(Kobayashi Shuei)་ལགས་ཀྱིས། ང་ཚོའི་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་ལ་ཐེ་བྱུས་བྱེད་དབང་མེད་པའི་སྐོར་དེ་སྔ་ནས་དགག་པ་བརྒྱབ་ཡོད་ལ། ཉི་ཧོང་གི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ང་ཚོིར་རྒྱབ་སྐྱོར་གནང་ཡོད། ལྷག་དོན་དུ། སྲིད་འཛིན་ཟུར་པ་ཞིང་བཤེགས་དམ་པ་ཤིང་ཛོ་ཨ་བྷེ་ལགས་ཀྱིས། ལྷག་བསམ་གཡོ་བ་མེད་པ་བོད་དོན་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་བཞིན། ད་སྐབས་ཉི་ཧོང་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས། དེ་མུ་མཐུད་རྒྱུན་འཛིན་གནང་ཐབས་ལ་འབད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། ཉི་ཧོང་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་དེ་ནི་ཁོང་ཕྱི་དྲིལ་བཀའ་བློན་གྱི་ལས་ཁུར་དམ་འབུལ་ཞུས་པའི་རྗེས་ཉི་ཧོང་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་ཡིན་ཞིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་སྔོན་༢༠༢༢ ལོའི་སྤྱི་ཟླ་༩པའི་ནང་། ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཉི་ཧོང་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་རིག་གཞུང་དང་སྐད་ཡིག་རིམ་བཞིན་རྩ་བརླག་ཏུ་འགྲོ་བཞིན་ཡོད་པ་གླེང་སློང་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།