སྲིད་སྐྱོང་མཆོག་གིས་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་སྐྱོང་དང་མཇལ་འཕྲད་གནང་འདུག

2024.05.02
སྲིད་སྐྱོང་མཆོག་གིས་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་སྐྱོང་དང་མཇལ་འཕྲད་གནང་འདུག སྲིད་སྐྱོང་མཆོག་གིས་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་སྐྱོང་དང་མཇལ་འཕྲད་གནང་སྐབས། ༠༥།༠༢།༢༠༢༤
CTA

དེང་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ད་ལྟ་ཨི་ཊ་ལི་(Italy)་རྒྱལ་ཁབ་དུ་བོད་དོན་འཚམས་གཟིགས་གནང་བཞིན་ཡོད་པ་དང་། ཨི་ཊ་ལི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཆོས་གྲུབ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྲིད་སྐྱོང་མཆོག་གིས་སྤྱི་ཚེས་༡ཉིན་གཙོ་བོ་ས་གནས་དེར་ཡོད་པའི་བོད་རིགས་མི་མང་ལ་བོད་དོན་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་ཨི་ཊ་ལིའི་རྒྱལ་ཡོངས་ནང་པའི་ཆོས་ཚོགས་ཀྱི་དབུ་འཛིན་དང་གནད་ཡོད་ཆབ་སྲིད་མི་སྣ་སོགས་མཉམ་འཛོམས་གནང་ཡོད་འདུག གཏམ་བཤད་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ་དང་། འབྲེལ་ཡོད་མི་སྣ་དང་མཇལ་འཕྲད་གནང་ཡོད་པ་རེད། དེ་ནས་(Bolzano)་བྷོལ་ཛ་ནོ་གྲོང་ཁྱེར་ལ་ཕེབས་ཡོད་པ་དང་། སྤྱི་ཚེས་༢ཉིན་གྱི་ཞོགས་པར་མངའ་སྡེ་དེའི་བརྙན་འཕྲིན་ལས་ཁང་གི་བཅར་འདྲི་དང་ལེན་གནང་རྗེས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་བགྲོ་གླེང་གནང་ཡོད་འདུག་ལ། ཐེངས་འདིའི་འཚམས་གཟིགས་སྐབས་གལ་ཆེ་ཤོས་ལྷོ་ཊེ་རོལ་(South Tyrol)་རང་སྐྱོང་མངའ་སྡེའི་ནང་ཕེབས་ནས་མངའ་སྡེ་དེའི་སྲིད་སྐྱོང་(Arno Kompatscher)་ལགས་དང་མཇལ་འཕྲད་གནང་ཡོད་འདུག

Sikyong Penpa Tsering Italy (1).png

ལྷོ་ཊེ་རོལ་(South Tyrol)་རང་སྐྱོང་མངའ་སྡེ་ནི་ཕྱེད་ཀ་འཇར་མན་དང་ཕྱེད་ཀ་ཨི་ཊ་ལིའི་མི་རིགས་ཡིན་པའི་རང་སྐྱོང་མངའ་སྡེ་དམིགས་བསལ་བ་ཞིག་ཡིན་སྟབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་འགར་ཆིབས་བསྒྱུར་གནང་མྱོང་ཡོད་པ་མ་ཟད། མགོན་པོ་མཆོག་གིས་འབྱུང་འགྱུར་བོད་མི་རིགས་ཀྱི་རང་སྐྱོང་ཀྱང་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེ་དེའི་གནས་བབ་ལ་དཔེ་ལྟ་གནང་དགོས་པའི་བཀའ་སློབ་ཕེབས་པ་བཞིན། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཆེད་བཅར་གྱིས་ཉམས་ཞིབ་བྱས་མྱོང་བ་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སྤྱི་འཐུས་ཚོགས་གཙོ་ཡིན་དུས་ཀྱང་ཐེངས་འགར་ཕེབས་མྱོང་ཡོད་ལ། ཐེངས་འདིའི་འཚམས་གཟིགས་སྐབས་སུའང་མངའ་སྡེ་དེའི་སྲིད་སྐྱོང་དང་མཇལ་འཕྲད་གནང་བ་དེ་ཨི་ཊ་ལི་ནང་གི་མཛད་འཆར་གཙོ་བོ་ཞིག་ཆགས་བསྡད་ཡོད་ཅིང་། ལྷོ་ཊེ་རོལ་རང་སྐྱོང་ལྗོངས་ནི་ཕྱི་འབྲེལ་གྱི་སྲིད་ཇུས་ཨི་ཊ་ལི་གཞུང་གིས་འཛིན་བཞིན་པ་ལས་དཔལ་འབྱོར་དང་སྐད་ཡིག རིག་གཞུང་སོགས་ལ་རང་རྐྱ་འཕེར་བའི་ཐོབ་ཐང་དང་རང་དབང་ཡོད་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་རེས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་དེ་ཐོག་མ་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་བ་སོགས་སུད་སིའི་ནང་གི་གཞུང་དོན་འཚམས་གཟིགས་འགྲུབ་རྗེས་ཧྥ་རན་སི་ལ་ཕེབས་པ་དང་། སྤྱི་ཟླ་༤པའི་ཚེས་༣༠ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་ཡུན་རིང་བོད་པའི་གྲོགས་པོ་ཡིན་པ་སྐུ་ཞབས་(Andre Gattolin)་ལགས་སུ་ཧྥ་རན་སིའི་སྲིད་འཛིན་ཕོ་བྲང་དུ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་བའི་མཛད་སྒོའི་སྐབས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཧྥ་རན་སིའི་སྲིད་འཛིན་རྣམ་གཉིས་དེ་སྔ་༢༠༡༦ལོའི་སྤྱི་༩བའི་ཚེས་༡༢་ཉིན་མཇལ་འཕྲད་གནང་བའི་སྐབས་ཀྱི་སྐུ་པར་ཐོག་༧གོང་ས་མཆོག་གི་མཚན་རྟགས་བསྐྱོན་གནང་ཡོད་པ་ཞིག་ཕུལ་བ་དང་མཉམ་སྲིད་སྐྱོང་མཆོག་གིས་སྲིད་འཛིན་མཆོག་ལ་བོད་དོན་མ་བརྗེད་པར་ཐུགས་སྣང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་(Brussels)་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། དེ་ནས་སྲིད་སྐྱོང་མཆོག་ཨི་ཊ་ལི་མངལ་ཁུལ་ལྷོ་ཊེ་རོལ་(South Tyrol)་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་རེད།


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎