བོད་དོན་ཞུ་གཏུགས་སྙན་ཞུར་རྒྱབ་སྐྱོར་གནང་བ།
2015.09.21

༄༅། །དེ་ཡང་ཆབ་སྲིད་ཚོགས་པ་སྣ་མང་ལས་གྲུབ་པའི་དབྱིན་ཇིའི་རང་སྐྱོང་མངའ་ཁུལ་Scotland གྲོས་ཚོགས་འཐུས་མི་གྲངས་༤༢་ཡིས་བོད་དོན་ཞུ་གཏུགས་ཀྱི་སྙན་ཞུའི་ཐོག་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་གནང་བ་མ་ཟད་ Scotland གྲོས་ཚོགས་ནང་བོད་ཀྱི་སྐོར་ལ་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་རེད། འགྲེམས་སྟོན་དེའི་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་ལུགས་ངོ་སྤྲོད་གནང་བ་དང་ཆབས་ཅིག་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་གླེང་སློང་ཆེད་Scotland གྲོས་ཚོགས་ནང་བགྲོ་གླེང་གནང་ཡོད་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད་ཅེས་བོད་ཀྱི་གནའ་བོའི་མི་རྒྱུད་དཔྱད་ཞིབ་རིག་པ་བ་སློབ་དཔོན་སྐུ་ཞབས་Martin Mills ཡིས་གསུངས་གནང་འདུག དེ་བཞིན་བགྲོ་གླེང་དེའི་ནང་Scotland གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་Alex Salmond ཡིས་དེ་སྔ་ཕྱི་ལོ་༢༠༡༢་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་མི་ནུས་པའི་རྒྱུ་མཚན་སྐོར་གྲོས་ཚོགས་འཐུས་མི་སྐུ་ཞབས་Davis Hudson ཡིས་དྲི་བ་གནང་བའི་སྐབས་ཚོགས་གཙོ་ཟུར་པ་Alex Salmond ཡིས་མ་འོངས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་Scotland ནང་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་དགའ་པོའི་ཐོག་ནས་༧གོང་ས་མཆོག་མཇལ་ཁ་ཞུ་ཡི་ཡིན་ཞེས་གསུངས་ཡོད་པ་རེད། ད་རེས་Scotland གྲོས་ཚོགས་འཐུས་མིའི་ཐོག་ནས་ང་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་རྒྱབ་སྐྱོར་གྱི་སྙན་ཞུའི་ཐོག་མཚན་རྟགས་བསྐྱོན་གནང་བ་དེ་དག་འདི་ལོ་ཕྱི་ཟླ་༡༡ནང་ཡོ་རོབ་གྲོས་ཚོགས་དང་། དེ་བཞིན་རྒྱལ་སྤྱིའི་ལྷན་ཚོགས་ཐོག་འབུལ་གནང་རྒྱུ་ཡིན་པ་ལས་འགུལ་གོ་སྒྲིག་གནང་མཁན་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། བཀྲས་མཐོང་དབང་པོ་ལགས་ཀྱིས་གསལ་སྟོན་གནང་འདུག
གསར་འགོད་པ་དབྱངས་སྒྲོལ།