ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་གཟིགས་སྐོར་དུ་ཕེབས་འཆར་འདུག
ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཁག་དང་རྒྱ་ནག་བར་ཕྱི་ཟླ་༦ཚེས་༡༦ཉིན་རྒྱ་ནག་གི་གྲོང་ཁྱེར་ཁྲོན་ཆིང་Chongqing)་དུ་ལོ་རེའི་འགྲོ་བ་མིའི་ཐོབ་ཐང་སྐོར་ཀྱི་ཚོགས་འདུའི་ཞོར་དུ། ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པ་བོད་ནང་གཟིགས་སྐོར་དུ་ཕེབས་རྒྱུའི་འཆར་གཞི་ཡོད་ལུགས་ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚས་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད། ཡིན་ན་ཡང་དེའི་ཐད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས། རྒྱ་ནག་གཞུང་གིས་ཁོང་རྣམ་པ་བོད་ནང་གཟིགས་སྐོར་དུ་ཡོང་བཅུག་པ་བེད་སྤྱོད་བྱས་ནས་རྒྱ་ནག་གི་དྲིལ་བསྒྲགས་ཤུགས་ཇེ་ཆེར་གཏོང་བ་དང་ཁོ་ཚོའི་འདོད་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་པའི་དོགས་པ་བྱེད་བཞིན་པ་རེད།
ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་ཀྱིས་ད་རེས་ཁོང་རྣམས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་གཟིགས་སྐོར་སྐབས་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཐེ་བའི་སློབ་གྲྭ་ཁག་དང་། བཙོན་ཁང་། ཆོས་ལུགས་ཀྱི་བསྟི་གནས་ཁག་བཅས་སུ་གཟིགས་སྐོར་དུ་ཕེབས་ནས་བོད་ནང་གི་ཆོས་ལུགས་ཀྱི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་བཅས་ལ་རྟོག་ཞིབ་གནང་འདོད་ཡོད་པས། དེ་ལྟར་འཚམས་གཟིགས་ཀྱི་མཛད་རིམ་ནང་འཇུག་དགོས་བ་རྒྱ་ནག་གི་འབྲེལ་ཡོད་ཚན་པར་རེ་འདུན་ཁ་གསལ་བཏོན་ཡོད་པ་མ་ཟད། ད་རེས་འཚམས་གཟིགས་དེ་ཡུལ་སྐོར་སྤྲོ་འཆམ་ལྟར་མིན་པར་ཚོད་འཛིན་སྟངས་འཛིན་སོགས་གང་ཡང་མེད་པར་རང་དབང་དང་དོན་སྙིང་ལྡན་པའི་ངང་གཟིགས་སྐོར་ཞིག་གནང་འཇུག་དགོས་བའི་རེ་འདུན་ཁ་གསལ་བཏོན་ཡོད་པ་ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚས་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསལ་སྟོན་གནང་བྱུང་།
གནད་དོན་དེ་དང་འབྲེལ་བའི་ཐོག་ཡོ་རོབ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། ད་རེས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པ་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཡིན་པ་དང་། ཁོང་རྣམ་པ་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁུལ་དུ་ཕེབས་རྒྱུའི་གནས་ཚུལ་ཐོས་མ་ཐག ཡོ་རོབ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པར་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་ཞུ་སྐུལ་དང་། བོད་དང་འབྲེལ་བའི་གནད་དོན་སྐོར་རྒྱ་ནག་གི་འགོ་ཁྲིད་མཉམ་དུ་གླེང་སློང་གནང་དགོས་གལ་ཆེན་པོ་ཡིན་སྐོར་འབོད་སྐུལ་ཞུས་ཡོད་པ་དང་། ད་རེས་་མཉམ་འབྲེལ་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་བོད་ནང་ཕེབས་འཇུག་དགོས་པའི་རེ་སྐུལ་གནང་བ་དེ་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་ནང་གི་གནས་སྟངས་ཐད་ཐུགས་འཁུར་ཆེན་པོ་གནང་གི་ཡོད་པ་རྒྱ་ནག་གཞུང་ལ་བརྡ་ལན་ཆེན་པོ་ཞིག་སྤྲད་པར་ངོས་འཛིན་གནང་བཞིན་པ་གསུངས་བྱུང་།
ཡང་གནད་དོན་དེའི་ཐད་བོད་དང་རྒྱ་ནག་གི་གནས་ཚུལ་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། ད་རེས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་གཟིགས་སྐོར་སྐབས་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཐེ་བའི་སློབ་གྲྭ་ཁག་དང་། བཙོན་ཁང་། ཆོས་ལུགས་ཀྱི་བསྟི་གནས་ཁག་བཅས་སུ་གཟིགས་སྐོར་དུ་ཕེབས་རྒྱུའི་རེ་འདུན་བཏོན་མིན་ལ་མ་བལྟོས་བར། འདས་བའི་ཉམས་མྱོང་ལ་བལྟས་ན། ཕྱིའི་གཟིགས་སྐོར་གང་ཡིན་ཡང་རྒྱ་ནག་གཞུང་གིས་སྔ་ས་ནས་འཆར་གཞི་ལྡན་པའི་སྒོ་ནས་ཆོག་མཆན་སྤྲད་པ་དང་འཚམས་གཟིགས་འགྲོ་ཡུལ་སོགས་གོ་སྒྲིག་བྱེད་བཞིན་ཡོད་པས། དེ་ལ་རང་བཞིན་གྱིས་རྒྱ་ནག་གཞུང་གིས་སྟངས་འཛིན་ཚོད་འཛིན་འོག་བོད་ནང་གི་དངོས་ཡོད་གནས་སྟངས་མཐོང་ཁག་པོ་ཡིན་པ་གསལ་བོ་རེད་ཅེས་ངོ་སྤྲོད་གནང་བྱུང་།
དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ད་རེས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་བོད་ནང་ཕེབས་རྒྱུ་ཡིན་པ་ནི་ང་ཚོ་ངོས་ནས་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཡིན་ན་ཡང་རྒྱ་ནག་གཞུང་གིས་རང་གི་འདོད་པ་ལྟར་གང་དུ་འཚམས་གཟིགས་དགོས་བ་སོགས་གོ་སྒྲིག་གིས་འཁྲབ་སྟོན་ཙམ་ལས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པའི་འཚམས་གཟིགས་སྐབས་རང་དབང་ལྡན་པ་དང་ལུགས་མཐུན་གྱི་མཐུན་རྐྱེན་སྐྲུན་རྒྱུ་ཁག་པོ་ཡིན་པ་ངོས་འཛིན་གནང་གི་འདུག
ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་འགན་འཛིན་གཞོན་པ་སྐུ་ཞབས་(Paola Pampaloni)་ཡིས་དབུ་ཁྲིད་པའི་ཡོ་རོབ་མཐུན་ཚོགས་ཀྱི་གནད་ཡོད་དཔོན་རིགས་ཁག་ཅིག་ཟླ་བ་དེའི་ཟླ་མཇུག་ཙམ་དུ་བོད་ནང་ཕེབས་རྒྱུ་ཡིན་པ་དང་། དེ་ནི་ཕྱི་ཟླ་༦་ཚེས་༡༦དང་༡༧ཉིན་གཉིས་རིང་ཚོགས་རྒྱུའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་ཀྱི་ལོ་རེའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་ལྷན་ཚོགས་དེའི་ཞོར་དུ་ཡིན་པ་རེད། ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཁོང་རྣམས་བོད་དུ་བསྐྱོད་རྒྱུའི་སྐོར་དེ་ཡོ་རོབ་་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་གཉིས་ཀྱིས་སྤྱི་ལོ་༢༠༡༩ལོར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཐེངས་སོ་བདུན་པ་ཚོགས་སྐབས་རྩ་འཛིན་ཐོག་གྲོས་མཐུན་བྱུང་ཡོད་ཀྱང་ཁོང་རྣམ་པའི་གཟིགས་སྐོར་དེའི་མཛད་རིམ་གྱི་སྒྲོམ་གཞི་ཁག་རྒྱ་ནག་གཞུང་གིས་གོ་སྒྲིག་བྱེད་བཞིན་ཡོད་པ་དང་། ད་ལྟའི་གནས་སྐབས་ལ་མཛད་རིམ་ཞིབ་ཕྲ་གསལ་བོ་མེད་པ་རེད།
གསར་འགོད་པ། བསྟན་འཛིན་པདྨ། དབྱངས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།