ཡོ་རོབ་གྲོས་ཚོགས་འཐུས་མིའི་འོས་མི་བརྒྱ་ལྷག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

2024.06.13
ཡོ་རོབ་གྲོས་ཚོགས་འཐུས་མིའི་འོས་མི་བརྒྱ་ལྷག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག ཡོ་རོབ་གྲོས་ཚོགས་ནང་། ༠༤།༡༠།༢༠༢༤
AP

དེ་ཡང་སྤྱི་ལོ་༢༠༢༤་ལོའི་ཡོ་རོབ་ཀྱི་འོས་བསྡུ་ཆེན་མོ་མ་སླེབས་སྔོན་ལ་སྤྱི་ཟླ་༤བའི་ཚེས་༩ཉིན་ནས་བོད་ཀྱི་ཆེད་དུ་ཡོ་རོབ་ཅེས་པའི་ལས་འགུལ་ཞིག་སྤེལ་སྐབས། ཡོ་རོབ་གྲོས་ཚོགས་ཀྱི་འོས་བསྡུའི་ནང་འཛུལ་ཞུགས་གནང་མཁན་རྒྱལ་ཁབ་༡༦་གི་འཐུས་མིའི་འོས་མི་༡༡༥་ལྷག་ཙམ་གྱིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་ཞལ་བཞེས་གནང་ཡོད་པ་དང་། དེའི་གྲས་ནས་འོས་མི་མི་གྲངས་༢༥་ལ་ད་རེས་སྤྱི་ཟླ་དྲུག་པའི་ཟླ་འགོར་སྤེལ་བའི་འོས་བསྡུའི་ནང་རྒྱལ་ཁབ་ཐོབ་ཡོད་འདུག
དེའི་ཐད་(Brussels)་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྩ་བས་ད་རེས་ཡོ་རོབ་ཁྱོན་ཡོངས་ཀྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་མཁན་ཐལ་འགྱུར་གཡས་ཕྱོགས་ཀྱི་ལྟ་བ་འཛིན་མཁན་མང་པོ་སླེབས་ཡོད་ནའང་། དེས་ཐད་ཀར་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་བབ་ཐད་ཤུགས་རྐྱེན་ཆེན་པོ་བཟོ་མི་སྲིད་པ་རེད། དེ་ནི་གཙོ་བོ་ཡོ་རོབ་ནང་མང་པོ་ཞིག་གིས་སོ་སོའི་གནས་བབ་ཐད་དངངས་ཚབས་བྱེད་བཞིན་པའི་གནས་སྟངས་རེད། ཡོ་རོབ་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་མང་ཕེབས་མྱོང་བ་སོགས་ལ་བརྟེན་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་དུ་ཤུགས་ཆེན་གནས་ཡོད་པ་གསུངས་སོང་།
དེ་བཞིན་ཡང་ཡོ་རོབ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས། ཡོ་རོབ་ནང་བོད་དོན་ལས་འགུལ་སྤེལ་མཁན་གྲངས་འབོར་ཉུང་ཉུང་ལས་མེད་ནའང་། དེ་ལ་དཔག་པས་ད་རེས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དེ་འདྲ་བྱུང་བ་ནི་དགའ་འོས་པའི་གནས་སྟངས་ཅིག་རེད་ཅེས་གསུངས་སོང་།
རྩ་བས་གོང་ཞུས་བོད་ཀྱི་ཆེད་དུ་ཡོ་རོབ་(EU4 Tibet)་ཞེས་བོད་དོན་ཀྱི་ལས་འགུལ་ཁྱབ་ཆེ་སྤེལ་བའི་ཁྲོད། གལ་སྲིད། ཡོ་རོབ་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་འོས་མི་ཚོར་འོས་བསྡུའི་རྒྱབ་ཁ་ཐོབ་ཚེ་བོད་དོན་ལ་རྒྱབ་སྐྱོར་ཡོང་པའི་འབོད་སྐུལ་དང་དྲྭ་ལམ་བརྒྱུད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བའི་ཆ་ཤས་གྲས་ཡིན་འདུག་པ་དང་། ལས་འགུལ་དེ་(Brussels)་བོད་ཀྱི་དོན་གཅོད་ཁང་དང་། ཡོ་རོབ་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་མཉམ་དུ་སྣེ་ཁྲིད་ཐོག་(Geneva)་དང་། ལོན་ཌོན་(London)་ནང་ཡོད་པའི་བོད་ཀྱི་དོན་གཅོད་ཁང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། ཡོ་རོབ་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག (V-TAG)་ཞེས་པའི་དང་བླངས་བོད་དོན་ཞུ་གཏུག་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཅས་ཐུན་མོང་གིས་རྒྱབ་སྐྱོར་ཐོག་སྤེལ་བ་ཞིག་ཡིན་འདུག
ཡོ་རོབ་གྲོས་ཚོགས་ནང་ད་ལོའི་འཐུས་མིའི་རྐུབ་སྟེགས་ཁྱོན་༧༢༠་ཡོད་པ་དང་། རྒྱལ་ཁབ་༢༧་ཡོད་ཅིང་། དེའི་ནང་དུ་བོད་མི་ཚོའི་ངོས་ནས་ད་རེས་གོང་ཞུས་བོད་དོན་རྒྱབ་སྐྱོར་ཀྱི་ལས་འགུལ་དེ་རྒྱལ་ཁབ་༡༦་ནང་སྤེལ་འདུག་པ་དང་། རྒྱལ་ཁབ་༡༦་དེ་དག་གི་ནང་ཁྱོན་འཐུས་མིའི་རྐུབ་སྟེགས་ག་ཚོད་སླེབས་མིན་ཡང་རྒྱལ་ཁབ་སོ་སོའི་མི་འབོར་མང་ཉུང་ལ་བརྟེན་ནས་མ་འདྲ་བ་ཡོང་གི་ཡོད་འདུག་ལ། ཡོ་རོབ་གྲོས་ཚོགས་ནང་གི་འོས་བསྡུའི་གྲུབ་འབྲས་མུ་མཐུད་ཐོན་དང་ཐོན་བཞིན་ཡོད་པ་རེད།
ཡོ་རོབ་གྲོས་ཚོགས་ནང་དེ་སྔོན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་བ་ཞིག་ཡོད་ཀྱང་། གནས་སྟངས་ལ་འགྱུར་བ་ཞིག་གི་ཐོག་ནས་ཆུང་དུ་གྱུར་ཡོད་ནའང་། ད་རེས་ལས་འགུལ་དེ་ཚོ་བརྒྱུད་ནས་ཚོགས་པ་རྒྱ་ཆེ་རུ་གཏོང་ཐུབ་པའི་རེ་བ་གནང་བཞིན་པ་བཀྲས་མཐོང་དབང་པོ་ལགས་ཀྱིས་གསུངས་བྱུང་།


གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎