སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་གཞུང་འབྲེལ་འཚམས་གཟིགས་དང་བོད་དོན་ཞུ་སྐུལ་གནང་བཞིན་འདུག

2024.05.13
སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་གཞུང་འབྲེལ་འཚམས་གཟིགས་དང་བོད་དོན་ཞུ་སྐུལ་གནང་བཞིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཨི་ཊ་ལི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་སྐབས། ༠༥།༠༩།༢༠༢༤
CTA

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡོ་རོབ་རྒྱལ་ཁབ་སུད་སི་(Swiss)་དང་། ཨའོསི་ཊིརི་ཡ་(Austria) ཨི་ཊ་ལི། འཇར་མ་ནི་བཅས་སུ་གཞུང་དོན་འཚམས་གཟིགས་དང་བོད་དོན་ཞུ་སྐུལ་གནང་བཞིན་པ་ལྟར། འདི་ཚེས་༡༢ཉིན་སུད་སིའི་གྲོང་ཁྱེར་ཛི་རིག་གི་ས་གནས་བོད་མིའི་སྤྱི་ཁང་དུ། ས་གནས་ཀྱི་དང་བླངས་བོད་དོན་ཞུ་གཏུག་པ་རྣམས་ལ་བོད་དོན་གཏམ་བཤད་གནང་སྐབས། གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་ཆོས་སྲིད་གཉིས་ཀྱི་ཐད་སྩལ་བའི་ལམ་སྟོན་བཀའ་སློབ་དང་། ༧གོང་ས་མཆོག་གི་བཀའ་དྲིན། དེ་བཞིན་བོད་ཀྱི་སྔ་ཕྱིའི་ལོ་རྒྱུས་ཤེས་བ། ཞུ་གཏུག་བྱེད་ཡུལ་གྱི་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་གནས་སྟངས་སོགས་ཤེས་བའི་སྒོ་ནས་བོད་དོན་ཞུ་གཏུག་གནང་གལ་ཆེ་བ་དང་། བོད་དོན་ཞུ་གཏུག་སྐབས་བོད་དོན་དེ་བཞིན་བོད་དང་བོད་མི་ཙམ་ལ་གལ་ཆེན་མ་ཡིན་པར་བོད་ཀྱི་ས་ཁམས་ཆགས་བབ་ཀྱི་ཐད་ནས་འཛམ་གླིང་ལ་གལ་ཆེན་ཡིན་པ་འགྲེལ་བཤད་རྒྱག་ཐུབ་པ་དགོས་བའི་ལམ་སྟོན་བཀའ་སློབ་གནང་སོང་། ད་དུང་ཉིན་དེར་སྲིད་སྐྱོང་མཆོག་གིས་སུད་སིའི་ཛུ་རིག་མཐོ་རིམ་སློབ་གཉེར་ཁང་ (Zurich University)་དུ། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་གྲོགས་ཚོགས་པའི་ཚོགས་མི་དང་ས་གནས་ཀྱི་གཞོན་སྐྱེས་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་འབྲེལ་ནས་གཏམ་བཤད་དང་དྲི་བར་དྲིས་ལན་གནང་བ་དང་མཉམ། བོད་མི་གཞོན་སྐྱེས་རྣམས་ཀྱིས་བོད་རང་གི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཆེ་ཙམ་གནང་དགོས་གལ་ཆེ་བའི་ལམ་སྟོན་གནང་འདུག

Sikyong pt in EU.png
ཟླ་འདིའི་ཕྱི་ཚེས་༡༠དང་༡༡ཉིན་གཉིས་རིང་། ཨའོསི་ཊིརི་ཡ་(Austria)་རུ་ཨའོསི་ཊིརི་ཡའི་ཆབ་སྲིད་ཚོགས་པ་ཁག་གསུམ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྣེ་ལེན་གནང་ནས་ཡུལ་དེའི་གྲོས་ཚོགས་ནང་ཕེབས་ཡོད་པ་དང་། ཡུལ་དེའི་གསར་ལམ་ཆེ་ཁག་གི་བཅར་འདྲིར་ལན་འདེབས་གནང་ཡོད་པ། ད་དུང་བོད་མི་གཙོས་གཞོན་སྐྱེས་རྣམས་ལ་བོད་མཐོ་སྒང་དེ་བཞིན་ས་བབ་སོགས་ཀྱི་ཐད་ནས་འཛམ་གླིང་ལ་གལ་ཆེན་ཡིན་ལུགས་ངོ་སྤྲོད་གཏམ་བཤད་དང་དྲི་བར་དྲིས་ལན་གནང་ཡོད་པ་དང་། དེའི་སྔོན་ཚེས་༩ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་བ་དང་། ད་ལྟའི་བོད་ནང་གི་གནས་སྟངས་སོགས་ངོ་སྤྲོད་གནང་རྗེས། མ་འོངས་བར་ཨི་ཊ་ལི་དང་བོད་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་ཡིག་ཆར་འགོད་རྒྱུར་མཉམ་རུབ་ཀྱི་ལས་གཞི་སྤེལ་འཆར་ཡོད་སྐོར་གསུངས་པར་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱབ་སྐྱོར་གནང་ཡོད། དེ་བཞིན་ཕྱི་ལོ་༢༠༢༥ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་༩༠ལ་ཕེབས་ཀྱི་ཡོད་པར་བརྟེན་ལོ་དེ་ཞི་བདེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ལས་གཞིའི་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གྲོས་ཚོགས་གོང་མའི་ནང་ཕེབས་ཡོད་འདུག

441368331_847178594120293_5739929504791755285_n.jpg
ད་རེས་སྲིད་སྐྱོང་མཆོག་གིས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་སྐབས། རྒྱལ་ཁབ་དེ་དག་གི་གནད་ཡོད་མི་སྣ་དང་དངོས་སུ་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་དང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་དགོས་བའི་ཞུ་སྐུལ། གཞོན་སྐྱེས་གཙོས་ས་གནས་བོད་མི་ཚོར་བོད་དོན་ལམ་སྟོན་གཏམ་བཤད་སོགས་གནང་ཡོད་པ་དང་། ད་ལྟ་སྲིད་སྐྱོང་མཆོག་གཏན་འཇགས་ཐབས་ཇུས་ཚོགས་ཆུང་གི་ཚོགས་འདུར་ལྷན་ཞུགས་གནང་བཞིན་འདུག


གསར་འགོད་པ། རབ་སྒང་ཚེ་ཕུན། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎