རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པའི་ཞུ་གཏུག་ལས་དོན་བཀག་འགོག་བྱས་འདུག

2020.04.14
རྡོ་རྗེ་བཀྲ་ཤིས། ༼ཟླ་ཚེས་མི་གསལ རྡོ་རྗེ་བཀྲ་ཤིས། ༼ཟླ་ཚེས་མི་གསལ
པར་ཚགས། སྒྲིག་བཟོ།

ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པའི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཞུ་གཏུག་ཡིག་ཆ་རྒྱ་ནག་གཞུང་གིས་བཀག་འགོག་གིས་ཁོང་གི་ཁྲིམས་རྩོད་པར་མུ་མཐུད་དུ་ཁྲིམས་རྩོད་བྱེད་དུ་བཅུག་མི་འདུག
དེ་སྔ་བོད་ནང་གི་ཚོང་པ་ཆེ་གྲས་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ལགས་རྒྱ་ནག་གིས་གཞུང་གིས་ཕྱི་ལོ་༢༠༠༨་ལོར་གློ་བུར་འཛིན་བཟུང་བྱས་བ་དང་། དེ་ནས་མི་ལོ་གཉིས་ཀྱི་རྗེས་༢༠༡༠་ཟླ་༦་ཚེས་༢༦་ཉིན་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་ནང་གསང་བའི་ངང་ཁྲིམས་རྭ་ཚོགས་ཏེ། དངུལ་བུན་གཡར་གཏོང་ཁྲོད་མགོ་སྐོར་ནག་ཉེས་གསོག་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཆད་བཅད་ཡོད་ཀྱང་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་ཉེས་བཙུགས་ཁས་ལེན་བྱེད་ཀྱི་མེད་པ་རེད།
ཉེ་སྔོན་ཕྱི་ཟླ་གསུམ་པའི་ནང་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཕུ་བོས་རྒྱ་ནག་ཁྲོང་ཆིན་གྲོང་ཁྱེར་གྱི་ཁྲིམས་རྩོད་པ་རིན་ཇན་ཡས་(Ren Jianyu)་བཙལ་ནས། ཁོང་ལ་ངོ་ཚབ་བྱེད་དུ་བཅུག་སྟེ་ཁྲིམས་གཏུག་བྱེད་རྒྱུ་བྱས་བ་དང་། ཁྲིམས་རྩོད་པ་རིན་ཇན་ཡས་ནས་ཀྱང་གྱོད་དོན་དེ་དྲང་བདེན་མ་ཡིན་པར་ངོས་འཛིན་གྱིས་དང་ལེན་བྱས་ཏེ། ཟླ་༣་པའི་ཚེས་༡༨་ཉིན་ཁོང་གིས་བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་དུ་བསྐྱར་ཞིབ་མངག་བཅོལ་ཡིག་ཆ་བསྐུར་ཡོད་པ་དང་། དེའི་རྗེས་རྩད་གཅོད་བྱས་སྐབས་ཡིག་ཆ་ཁག་འབྱོར་ཏེ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ཚུལ་ལན་འབྱོར་ཡོད་འདུག ཡིན་ན་ཡང་དེ་ནས་ཉིན་ཤས་རྗེས་སུ་ཁྲིམས་རྩོད་པ་རིན་ཇན་ཡས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁོང་ལ་གྱོད་དོན་དེ་དང་ལེན་བྱེད་མི་ཆོག་པ་བརྗོད་ནས་བཀག་འགོག་བྱས་ཡོད་པ་ཁྲིམས་རྩོད་པས་(weibo)་དྲ་བའི་ཐོག་གནས་ཚུལ་སྤེལ་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁྲིམས་རྩོད་པ་ཁོང་ལ་བཅར་འདྲི་བྱས་སྐབས། ཁོང་གིས། ང་ཚོའི་འགོ་ཁྲིད་ཀྱིས་ང་རང་ལ་གྱོད་དོན་དེ་དང་ལེན་བྱས་མི་ཆོག་ལབ་སོང་། གནས་ཚུལ་ཞིབ་ཕྲ་ངས་ཀྱང་གསལ་བོ་ཤེས་རྟོགས་མེད། ད་ལྟ་གྱོད་དོན་དེའི་ཐད་ཀྱི་གན་རྒྱ་ཁག་རྩིས་མེད་བཏང་ཡོད། ཁྲིམས་ཀྱི་ཆ་ནས་བཤད་ན་དེ་ནི་གནས་ལུགས་མེད་པ་རེད། ཡིན་ནའང་ད་ལྟ་རྒྱུ་རྐྱེན་བཤད་ཀྱང་ཕན་ཐོགས་ཀྱི་མ་རེད་ཅེས་འགྲེལ་བརྗོད་གནང་ཡོད།
ཉེ་ལམ་སྤྱི་ཟླ་དང་པོ་ནང་། རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པ་ཝང་ཧྥེའེ་ཡིས་ཁོང་ལྷ་སར་སོང་ནས་རྡོ་རྗེ་བཀྲ་ཤིས་དང་ཐུག་འཕྲད་བྱུང་པའི་གནས་ཚུལ་ཞིག་ཟླ་༡ཚེས་༥ཉིན་པོད་འཕྲིན་(weibo)་དྲ་ལམ་དུ་བཀོད་ནས་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པའི་ཚོང་པ་རྡོ་རྗེ་བཀྲ་ཤིས་ཀྱིས་ཉེས་བཙུགས་ཁས་ལེན་བྱེད་ཀྱི་མེད་པ་གནས་ཚུལ་སྤེལ་ཡོད་པ་རེད།
དེ་སྔ་སྤྱི་ལོ་༢༠༡༠་ལོར་བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐོར་ལ་རྩོམ་ཡིག་བྲིས་བའི་ནང་། རྡོ་རྗེ་བཀྲ་ཤིས་ལགས་ནི་བོད་ནང་གི་ཡུལ་སྐོར་ཚན་པའི་ནང་སྐད་གྲགས་ཡོད་པའི་མི་སྣ་ཞིག་ཡིན། ཁོང་གིས་བོད་ཀྱི་མ་ཕམ་གཡུ་མཚོའི་ལས་གཉེར་ཚོང་ལས་ཁང་གསར་འཛུགས་བྱས་བ་དང་། རྒྱལ་སྤྱིའི་ཚད་གཞི་ལྡན་པའི་མགྲོན་ཁང་གཉིས་དང་ས་ཁང་ཚོང་གཉེར་ཁང་གཉིས་གསར་འཛུགས་བྱས་ནས་འཛམ་གླིང་ཡུལ་གྲུ་གང་ས་ནས་བོད་ནང་ཡོང་མཁན་ཡུལ་སྐོར་པའི་ཁྲོད་རྒྱུས་མངའ་ཆེན་པོ་ཆགས་ཡོད། ཡིན་ན་ཡང་རྡོ་རྗེ་བཀྲ་ཤིས་འཛིན་བཟུང་བྱས་བ་ནི་གློ་བུར་དུ་བྱུང་བ་ཞིག་དང་། སྤྱི་ལོ་༢༠༠༨་ལོར་བོད་ནང་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ཙམ་ལ་འཛིན་བཟུང་བྱས་བ་ཡིན་པས། ཚང་མས་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བ་ཡོད་མེད་བསམ་བློ་འཁོར་གྱི་ཡོད། བོད་ནང་གི་དཔོན་རིགས་བར་དབང་ཆའི་འཐབ་རྩོད་ཁྲོད་ནུས་བ་ཆེ་ཤོས་ཀྱི་ཆབ་སྲིད་ལག་ཆ་ནི་ཁ་བྲལ་ལ་ངོ་རྒོལ་ཟེར་བ་དེ་ཡིན་པ་དང་། རྡོ་རྗེ་བཀྲ་ཤིས་ལགས་ཕལ་ཆེར་ས་གནས་དཔོན་རིགས་ཀྱི་དབང་ཆའི་འཐབ་རྩོད་ཁྲོད་གྱོང་གུད་ཕོག་ཡུལ་ཞིག་ཆགས་ཡོད་སྲིད་ཅེས་དང་། ད་དུང་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁང་པ་སྔོག་གཤེར་བྱས་བའི་སྐབས་མེ་ཏོག་བུམ་པའི་ནང་ནས་རྒྱ་སྒོར་བྱེ་བ་གཉིས་ཀྱི་བྱུང་འཛིན་ཞིག་སྦས་ཡོད་པ་ལག་སོན་བྱུང་བ་དང་། དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞིག་གི་སྐབས་བསྙེན་བཀུར་ཆེད་ཕུལ་བ་ཡིན་པའི་གནས་ཚུལ་འདུག དེ་བདེན་པ་ཡིན་མིན་ར་སྤྲོད་དཀའ། བདེན་པ་ཡིན་ཡང་རྡོ་རྗེ་བཀྲ་ཤིས་ནང་པ་ཞིག་ཡིན་པའི་ཆ་ནས་དད་པའི་སྟོབས་ཀྱིས་རང་གི་རྩ་བའི་བླ་མར་བསྙེན་བཀུར་བྱས་བ་ཡིན་པ་ལས་ཚེ་བཙོན་འབབ་པའི་ནག་ཉེས་ཡིན་མི་སྲིད་ཅེས་སོགས་བྲིས་ཡོད་པ་རེད།
རྡོ་རྗེ་བཀྲ་ཤིས་ལགས་ནི་མདོ་སྨད་ཀན་ལྷོའམ་མདོ་ལྷོ་ཁུལ་བསང་ཆུ་རྫོང་རྒྱོའུ་རྒྱ་ཡུལ་ཚོའི་ས་དཀར་སྡེ་བ་ནས་ཡིན་པ་དང་། འཛིན་བཟུང་མ་བྱས་སྔོན་ཚོང་ལས་ཁང་བཅུ་གྲངས་དང་མ་དངུལ་རྒྱ་སྒོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་ཡོད་པའི་བོད་ཀྱི་ཚོང་བ་ཕྱུག་ཤོས་ཀྱི་གྲས་ཡིན་ཞིང་། རྗེས་སུ་འཛིན་བཟུང་གིས་ཚེ་བཙོན་ཁྲིམས་ཆད་གཅོད་སྐབས་ཁོང་མི་སྒེར་གྱི་རྒྱུ་ནོར་རྒྱ་སྒོར་དུང་ཕྱུར་༤༣་གཞུང་བཞེས་བཏང་བ་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་དང་། གྲོགས་གདུགས་དཀར་བཀྲ་ཤིས། ཚུལ་ཁྲིམས་སོགས་མི་བཞི་གྱོད་དོན་དང་འབྲེལ་བ་ཡོད་ཚུལ་གྱིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎