རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ཡང་བསྐྱར་ཞུ་འབོད་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་འདྲུད་འཐེན་བྱས་ནས་བཀག་འདུག

2023.08.02
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ཡང་བསྐྱར་ཞུ་འབོད་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་འདྲུད་འཐེན་བྱས་ནས་བཀག་འདུག རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས། ༠༨།༠༡།༢༠༢༣
བོད་འབྱོར།/RFA

དེ་ཡང་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་བོད་མི་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཡང་བསྐྱར་ཕྱི་ཟླ་༨པའི་ཚེས་༡ཉིན་ལྷ་སའི་གྲ་བཞི་བཙོན་ཁང་གི་སྒོ་ཁར་ཕྱིན་ཏེ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་གསལ་བ་བཞིན་ཁོང་གི་ནུ་བོར་ཐུག་འཕྲད་བྱེད་ཆོག་པའི་རེ་བ་བཏོན་པར་དེར་ཡོད་ཉེན་རྟོག་པས་ཡ་ལན་མ་བྱས་བརྟེན། ཁོང་མོ་འུ་ཐུག་ནས་ཕྱག་འཚལ་ཏེ་ཞུ་བ་བྱེད་སྐབས། ས་གནས་ཉེན་རྟོག་མི་སྣས་ཕྱག་འཚལ་བ་ཁྲིམས་འགལ་ཡིན་ཚུལ་གྱིས་ཡར་འདྲུད་མར་འདྲུད་བྱས་ཏེ་ཁོང་མོའི་ཞུ་སྐུལ་ལས་འགུལ་བཀག་འགོག་བྱས་བ་དང་། ཉེན་རྟོག་པ་ཚོ་རུབ་ནས་ཡར་འདྲུད་མར་འདྲུད་བྱས་བར་བརྟེན་ཁོང་མོའི་དཔུང་པར་རྨས་སྐྱོན་ཕོག་ཡོད་པ་བརྙན་ལམ་ནས་ཁོང་མོས་གསལ་སྟོན་འགྲེལ་བཤད་བྱས་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་།
མགོན་པོ་སྐྱིད་ལགས་ཀྱིས་བརྙན་ཐུང་དེའི་ནང་། གྲ་བཞིའི་བཙོན་ཁང་མདུན་དུ་ས་གནས་མངགས་གཏོང་ལས་ཁང་གི་རྒྱ་ནག་གི་ཉེན་རྟོག་པས་ང་རང་ཡར་མར་འདྲུད་དེ་དཔུང་པའི་ཐོག་རྨུག་ཐིག་བཟོས་བ་བསྟན་ནས་བདེན་དཔང་བྱས་བ་ཡིན། ང་ཚོ་ནང་མི་ཡིས་བཙོན་ཁང་ནང་གི་རང་གི་སྤུན་མཆེད་ལ་ཐུག་འཕྲད་ཆོག་པའི་རེ་བ་བཏོན་ཡང་དེའི་དབང་ཆ་མ་སྤྲད་པར་བརྟེན་ང་ལ་ཐབས་ཤེས་མེད་པར་ཕྱག་འཚལ་ནས་ཞུ་བ་བྱས་བ་ཡིན། ཉེན་རྟོག་པས་ཁོ་ཚོས་ལག་པ་ཐུག་མེད་ཚུལ་ལབ་ཀྱི་ཡོད་པ་རེད། ཡིན་ནའང་སྐབས་དེར་ཉེན་རྟོག་པ་མི་བཞི་ལྔ་ཞིག་ཡོང་ནས་ཡར་འདྲུད་མར་འདྲུད་བྱེད་དུས་བརྙན་སོགས་ལེན་བཅུག་མེད་པས། ད་ལྟ་ངའི་དཔུང་པར་རྨུག་ཐིག་བཟོས་ཡོད་པ་བརྙན་བླངས་ནས་བདེན་དཔང་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

Gonpo kyi 02.jpg
དེ་སྔ་༢༠༡༠ལོའི་ཕྱི་ཟླ་༦པའི་ཚེས་༢༦ཉིན་ལྷ་སའི་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་གསང་བའི་ཁྲིམས་བཤེར་བྱས་པ་བརྒྱུད། ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་བུ་ལོན་སྔ་གཡར་དང་འབྲེལ་བའི་ངན་ཇུས་བཤམས་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཀག་སྟེ་ད་ཆ་མི་ལོ་བཅོ་ལྔ་ཙམ་འགྲོ་བཞིན་པའི་སྐབས་འདིར། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་ཏེ་ལགས། ཁོ་མོའི་ཁྱོ་ག་ཆོས་སྐྱོང་ལགས་གསུམ་གྱིས་ད་བར་ཡང་ནས་བསྐྱར་དུ་ཁྲིམས་ཁང་མདུན་སོགས་སུ་དྲང་བདེན་གྱི་ཐག་གཅོད་ཡོང་བའི་ཞུ་འབོད་ལས་འགུལ་རབ་དང་རིམ་པར་སྤེལ་ཡོད་པ་རེད།
དོན་དངོས་དུ་རྒྱ་ནག་གཞུང་གིས་བོད་མི་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་འབྲེལ་ཡོད་བོ་དམི་དང་ཐོབ་ཐང་དོན་གཉེར་བ་ཚོས་བཤད་བཞིན་པ་རེད།
རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་༥ལ་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
སྤྱིར་རྒྱ་ནག་གི་རྩ་ཁྲིམས་ནང་བཙོན་མར་ཁྲིམས་ཆད་བཅད་དེ་བཙོན་འཇུག་བྱས་རྗེས་ཟླ་རེར་ནང་མིར་ཐུག་འཕྲད་ཀྱི་དབང་ཆ་ཡོད་པ་བཀོད་ཡོད་ཀྱང་། རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་༢༠༡༨ལོའི་རྗེས་ནས་བཟུང་ནང་མིར་ཐུག་འཕྲད་ཐེངས་གཅིག་ཀྱང་བྱེད་དུ་བཅུག་མེད་པ་རེད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎