རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་གཅེན་མོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ།

2023.07.12
རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་གཅེན་མོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་བའི་མཛད་སྒོའི་སྐབས། ༠༧།༡༢།༢༠༢༣
བསྟན་འཛིན་དོན་ཡོད། RFA/Dhasa

བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་དམིགས་བསལ་མཛད་རྗེས་འཇོག་མྱོང་མཁན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག སྤྱི་ལོ་༢༠༡༥ལོའི་སྤྱི་ཟླ་༧པའི་ཚེས་༡༢ཉིན་རྒྱ་ནག་གི་བཙོན་ཁང་དུ་དགོངས་པ་རྫོགས་པར་བརྟེན། ལོ་ལྟར་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་རྗེས་དྲན་གྱི་དུས་ཚིགས་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཞེས་པ་ཞིག་འབུལ་སྲོལ་ཡོད་པ་བཞིན། འདི་ལོའི་གཟེངས་རྟགས་ཐེངས་༦པ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་(International Tibet Network)་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞི་ཐུན་མོང་གིས་གོ་སྒྲིག་གནང་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུ་བཞུགས་ཐོག་རྒྱ་ནག་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་པའི་ལྷ་སའི་གཡག་མགྲོན་ཁང་གི་སྤྱིན་བདག་རྡོ་རྗེ་བཀྲིས་ལགས་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་རྣམ་གཉིས་ལ་ཕུལ་གནང་སོང་།

Tulku Tenzin Delek award (1).jpg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། རྒྱུན་དུ་རྒྱ་ནག་གཞུང་གིས། བོད་ནང་གི་མཁས་པ། རྩོམ་པ་པོ། སྒྱུ་རྩལ་བ། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་སོགས་བོད་མིའི་ཆོས་དང་རིག་གཞུང་ལ་ཤུགས་རྐྱེན་ཡོད་པའི་མི་སྣ་དག་རིམ་པས་མེད་པ་བཟོ་ཐབས་བྱེད་མུས་ཡིན་ཞིང་། ད་ལྟ་བཙོན་ཁང་དུ་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ནི་དཔེ་མཚོན་ཞིག་ཡིན། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྡོ་རྗེ་བཀྲ་ཤིས་ལགས་གང་མགྱོགས་གློད་གྲོལ་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་འདིར་བཅར་བ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
རྡོ་རྗེ་བཀྲ་ཤིས་ལགས་ནི་བོད་ནང་བོད་མི་འབྱོར་ལྡན་པ་གྲགས་ཅན་ཞིག་ལ་ངོས་འཛིན་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་ནས་བུ་ལོན་སྔ་གཡར་དང་འབྲེལ་བའི་ངན་ཇུས་བཤམས་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པར་བརྟེན། ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ལྷ་སར་ཞུ་གཏུག་ལས་འགུལ་ཐེངས་མང་སྤེལ་ཡོད། དཔེར་ན། ཁ་སྔོན་སྤྱི་ཟླ་༣ པའི་ནང་། མགོན་པོ་སྐྱིད་ལགས་ཀྱིས་བོད་ལྗོངས་ཁྲིམས་ཁང་ཟེར་བའི་མདུན་དུ་ཁོང་མོའི་གཅུང་པོ་ཁྲིམས་འགལ་བཙོན་འཇུག་བྱས་པའི་གནད་དོན་ལ་ཁྲིམས་ཞིབ་བྱེད་དགོས་པ་དང་། ཁོང་ཐུག་འཕྲད་བྱེད་འཇུག་དགོས་པ་སོགས་ཀྱི་ཞུ་གཏུག་ལས་འགུལ་སྤེལ་སྐབས། ཁུལ་དེའི་ཉེན་རྟོག་པས་གཅར་རྡུང་དང་འཛིན་བཟུང་གིས་ལྷ་སའི་བཅིངས་གྲོལ་ལམ་གྱི་མངགས་གཏོང་ཁང་དུ་མཚན་གཅིག་རིང་བཀག་ཉར་བྱས་རྗེས། གློད་བཀྲོལ་བཏང་ཡོད་ཀྱང་། ཛ་དྲག་གི་དབང་གིས་སྨན་ཁང་དུ་འཁྱེར་དགོས་བྱུང་ཡོད་པ་རེད།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་ཀྱིས། དེ་གའི་ལྟེ་གནས་ཁང་གི་ངོས་ནས། རྡོ་རྗེ་བཀྲིས་དང་མགོན་པོ་སྐྱིད་རྣམ་གཉིས་དང་འབྲེལ་གནས་ཚུལ་རྣམས་ཁ་གསལ་རྒྱུས་ལོན་ཡོང་ཆེད་མུ་མཐུད་བོད་ནང་འབྲེལ་བ་བྱེད་མུས་ཡིན་པ་གསུངས་ཤིང་། འདི་ཚེས་༡༣རེས་གཟའ་ཕུར་བུའི་ཉིན་མགོན་པོ་སྐྱིད་ཀྱིས་རང་ཉིད་ཀྱི་གཅུང་པོ་གློད་གློལ་ཡོང་ཆེད་ལྷ་སར་སླར་ཡང་ལས་འགུལ་སྤེལ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བའི་སྐོར་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ནང་། ཆེ་བསྟོད་གཟེངས་རྟགས་འདི་ཁོང་གཉིས་ལ་ཕུལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྡོ་རྗེ་བཀྲིས་ལགས་ཀྱིས་བོད་དང་བོད་མི་ཚོར་རང་ནུས་གང་ཡོད་ཀྱིས་ཞབས་ཞུ་བསྒྲུབས་པའི་ཆོད་སེམས་དང་། མགོན་པོ་སྐྱིད་ལགས་ནས་རང་གི་གཅུང་པོར་དྲང་བདེན་ཐོབ་རྒྱུར་རྒྱ་དམར་གཞུང་གི་བཀག་རྒྱ་ལ་མ་འཛེམས་པར་མུ་མཐུད་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བཞིན་པའི་སྙིང་སྟོབས་གཉིས་ལ་རྗེས་སུ་ཡི་རངས་དང་ཆེ་བསྟོད་མཚོན་ཆེད་དུ་ཡིན་པ་བརྗོད་འདུག
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སློབ་མ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས། འདི་ལྟ་བུའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་མཚན་གནས་ཡོད་པའི་གཟེངས་རྟགས་དེས། བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་གཙོས་པའི་བོད་མི་ཚོར་སེམས་ཤུགས་དང་སྙིང་སྟོབས་འཕར་མ་སྐྱེས་གཞི་ཆགས་རེ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་༢༠༢༢ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐེངས་༥པ་དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་གྲགས་ཅན་ཨ་ཉག་སེང་སྒྲ་ལགས་སུ་ཕུལ་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤེ་ཡའི་ས་གནས་འབྲེལ་མཐུད་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། གཟེངས་རྟགས་འདི་༢༠༡༦ལོར་ཐོག་མར་འགོ་འཛུགས་གནང་སྟེ། བོད་ཀྱི་ཆབ་སྲིད་བཙོན་པ་དང་། བོད་མིའི་གཞི་རྩའི་རང་དབང་ལ་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་དང་གོང་མཐོར་གཏོང་མཁན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའམ་རྩོད་ལེན་པ་རྣམས་ལ་འབུལ་གྱི་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎