བཙོན་འོག་ལ་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ཡང་བསྐྱར་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་མདུན་དུ་ཞུ་འབོད་ལས་འགུལ་སྤེལ་འདུག

དེ་ཡང་འབྲེལ་ཡོད་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་དང་བཅས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གིས་བཙོན་འཇུག་བྱས་བསྡད་ཡོད་པའི་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་ཏེའམ། མགོན་པོ་སྐྱིད་ལགས་ཀྱིས་འདི་ཚེས་༤ཉིན་བསྐྱར་དུ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་དུ། ཁོང་གི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་ལ་བསྐྱར་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ནས་ཞུ་འབོད་ལས་འགུལ་སྤེལ་འདུག
བརྙན་ཐུང་ནང་མགོན་པོ་སྐྱིད་ལགས་ཀྱིས། གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་ཐད་རྒྱལ་ཁབ་ཀྱི་ཁྲིམས་ལྟར་བསྐྱར་ཞིབ་བྱེད་རོགས་ཞེས་བཤད་ས་མི་འདུག ད་ལྟ་རྡོ་རྗེ་བཀྲ་ཤིས་བཙོན་ཁང་དུ་ཡོད་པ་དང་ང་ཚོས་ཕྱི་ན་དཀའ་སྡུག་མྱོང་བཞིན་ཡོད། གནས་ལུགས་དང་དྲང་བདེན་བཤད་པའི་ཐོབ་ཐང་མང་ཚོགས་ལ་མི་འདུག ཡོད་ན་ང་ཚོས་འདི་ལྟར་མྱངས་དགོས་དོན་མི་འདུག ཚང་མས་བལྟོས་དང་ང་ཚོས་རྒྱལ་ཁབ་ཀྱི་ཁྲིམས་ལྟར་ཐག་གཅོད་དྲང་བདེན་གནང་རོགས་ཞུ་བཞིན་ཡོད་ཞེས་འགྲེལ་བརྗོད་གནང་འདུག ཡིན་ན་ཡང་ཞུ་འབོད་ལས་འགུལ་དེའི་རྗེས་སུ་གནས་ཚུལ་གང་བྱུང་ཡོད་མེད་འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་ཐུབ་མ་བྱུང་།
དེ་སྔ་༢༠༡༠ལོའི་ཕྱི་ཟླ་༦པའི་ཚེས་༢༦ཉིན་ལྷ་སའི་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་པ་བརྒྱུད། ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་བུ་ལོན་སྔ་གཡར་དང་འབྲེལ་བའི་ངན་ཇུས་བཤམས་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཀག་སྟེ་ད་ཆ་མི་ལོ་མང་པོ་འགྲོ་བཞིན་པའི་སྐབས་འདིར། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་ཏེ་ལགས། ཁོ་མོའི་ཁྱོ་ག་ཆོས་སྐྱོང་ལགས་གསུམ་གྱིས་ད་བར་ཡང་ནས་བསྐྱར་དུ་ཁྲིམས་ཁང་མདུན་སོགས་སུ་དྲང་བདེན་གྱི་ཐག་གཅོད་ཡོང་བའི་ཞུ་འབོད་ལས་འགུལ་རབ་དང་རིམ་པར་སྤེལ་དང་སྤེལ་མུས་ཡིན་ཡང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ད་བར་དུ་ཡ་ལན་བདག་སྤྲོད་བྱས་མེད་པ་རེད།
རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ལགས་དེ་སྔ་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ལགས་ཀྱང་སྔ་རྗེས་སུ་ཐེངས་༥ལ་འཛིན་བཟུང་དང་འདྲི་རྩད་གཅར་རྡུང་ཐེངས་མང་བྱས་བའི་གནས་ཚུལ་ཐོན་ཡོད་པ་རེད།
སྤྱིར་རྒྱ་ནག་གི་རྩ་ཁྲིམས་ནང་བཙོན་མར་ཁྲིམས་ཆད་བཅད་དེ་བཙོན་འཇུག་བྱས་རྗེས་ཟླ་རེར་ནང་མིར་ཐུག་འཕྲད་ཀྱི་དབང་ཆ་ཡོད་པ་བཀོད་ཡོད་ཀྱང་། རྡོ་རྗེ་བཀྲ་ཤིས་ལགས་ཕྱི་ལོ་༢༠༡༨ལོའི་རྗེས་ནས་བཟུང་ནང་མིར་ཐུག་འཕྲད་ཐེངས་གཅིག་ཀྱང་བྱེད་དུ་བཅུག་མེད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།