རྒྱ་གར་མི་དམངས་ཀྱི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱི་ཡན་ལག
2008.07.15
༄༅༎ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་རྒྱ་གར་མི་དམངས་ཚོའི་མཐུན་ཚོགས་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཡིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ཁོངས་ཀྱི་འབུམ་སྡེ་ལ་ས་གནས་ནང་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་ཚོགས་པའི་ཡན་ལག་གསར་པ་ཞིག་གསར་འཛུགས་གནང་ཡོད་པ་རེད།
དེ་ཡང་ཨ་རུ་ན་ཅལ་མངའ་སྡེའི་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ ཀི་རེན་རི་ཇི་ཇུ་ ཡིས་ཟླ་བ་འདིའི་ཕྱི་ཚེས་༦ ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་འབུམ་སྡེ་ལ་ཁུལ་དུ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་གསར་པ་གསར་འཛུགས་གནང་བའི་གསལ་བསྒྲགས་གནང་ཡོད་པ་དང་དབུ་འབྱེད་མཛད་སྒོའི་ཐོག་ལ་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་གཙོ་བོའི་སྐུ་མགྲོན་དུ་གདན་ཞུ་ཕུལ་བ་བཞིན་ཁོང་གིས་མཛད་སྒོའི་མི་དམངས་འདུ་འཛོམས་དེའི་ཐོག་ལ་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་ཚོགས་པ་དེས་བོད་ཀྱི་རྩ་དོན་ཐད་ད་བར་རྒྱབ་སྐྱོར་གང་ཡོང་གནང་བ་དང་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད་པ་རེད།
དེ་བཞིན་གྱི་མཛད་སྒོ་དེའི་ཐོག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ ཀུལ་རྡིབ་ཅན་ ཨག་ནི་ཧོ་ཏྲི་ དང་རྒྱལ་ས་ལྡི་ལིའི་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་ཚོགས་པའི་ཚོགས་མི་སྐུ་ཞབས་ རཇ་སྦིར་སིང་སོ་ལན་ཀི་ དེ་མིན་གྱི་གནད་ཡོད་མི་སྣ་ཁག་ཅིག་ཀྱང་ཕེབས་ཡོད་ཅིང་། ཁོང་རྣམས་ཀྱིས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཆེད་དུ་དམིགས་པའི་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་སྲིད་ཇུས་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་གསུང་ཡོད་པ་རེད།