པད་མ་ཚེ་བརྟན་ལགས་ད་དུང་སྨན་ཁང་ན་འདུག
2016.07.11
པད་མ་ཚེ་བརྟན་ལགས་ཀྱིས་སྨན་ཁང་ནས་ཁོང་གི་དོན་རྐྱེན་ཐད་གསལ་ཐག་ཆོད་པའི་ལན་ཞིག་ཡོང་རྒྱུའི་རེ་བ་ཡོད་པ་བསྒྲགས་འདུག
ཟླ་བ་སྔོན་མ་ཟི་ལིང་གི་གནམ་ཐང་ནས་རྒྱ་མིའི་གནམ་ཐང་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་རྗེས་སྨན་ཁང་དུ་ཕེབས་དགོས་བྱུང་བའི་བོད་ནང་གི་གློག་བརྙན་འཁྲབ་ཁྲིད་བཟོ་སྐྲུན་པ་སྙན་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱིས། ཁོང་ད་ལྟ་སྨན་ཁང་ནང་སྨན་བཅོས་གནང་བཞིན་ཡོད་སྐོར་ཕྱི་ཕྱོགས་ལ་གནས་ཚུལ་དང་པོ་བསྒྲགས་འདུག
དེ་ཡང་ཕྱི་ཚེས་༡༡ཉིན་ཁོང་གིས་དྲ་ལམ་བརྒྱུད་སྤེལ་དོན། གནས་སྐབས་ཁོང་རྒྱ་ནག་གཞུང་ཕྱོགས་ཀྱིས་གཏན་འཁེལ་བྱས་པའི་སྨན་ཁང་ཞིག་ཏུ་བཞུགས་ཡོད་ཚུལ་དང་། ཁོང་ལ་དབུགས་རླུང་འབྱིན་རྔུབ་དང་། གནམ་ཁབ་རྒྱབ་པ་སོགས་སྨན་བཅོས་སྣ་ཚོགས་བྱེད་བཞིན་པར་བརྟེན། ཁོང་གི་ལུས་པོ་ཅུང་ཟད་ཇེ་བདེར་སོང་ཡོད་ཅེས་དང་། ད་དུང་མིག་སྔར་གྱི་དམིགས་བསལ་གནས་ཚུལ་དབང་གིས་ཁོང་ལ་འཚམས་འདྲི་གནང་མཁན་ཚང་མར་རེ་རེ་བཞིན་ལན་གནང་ཐུབ་མེད་པར་དགོངས་སེལ་ཞུས་འདུག།
དེ་དང་མཉམ་ཁོང་ཐོག་ད་རེས་བྱུང་བའི་གནད་དོན་ཐོག་འབྲེལ་ཡོད་ལས་ཁུངས་ཀྱིས་ཡང་བསྐྱར་ཞིབ་བཤེར་བྱེད་བཞིན་པའིོ་སྒང་ཡིན་པ་དང། དོན་རྐྱེན་དེ་བྱུང་ནས་ད་ཆ་ཉིན་གྲངས་༡༧ཙམ་འགོར་ཡོད་སྐོར་གསུངས་ཏེ། གནས་ཚུལ་དེ་བྱུང་བ་ནས་ད་ལྟའི་བར་ཁོང་ལ་རེ་བ་ཅིག་ཡོད་པ་ནི། གནད་དོན་དེ་གསལ་ཐག་ཆོད་པ་བྱ་རྒྱུ་དེ་ཡིན་པ་དང། ཐ་ན་རྗེས་སུ་ཡང་བསྐྱར་བཀག་ཉར་ཁང་དུ་འགྲོ་དགོས་ཀྱང་རེ་བ་འདིར་འགྱུར་བ་མེད། གནད་དོན་དེའི་ཕྱོགས་ནས་གསལ་ཐག་ཆོད་པའི་ལན་ཞིག་གང་མྱུར་ཡོང་བའི་རེ་བ་ཡོད་ཅེས་བོད་རྒྱ་ཡིག་རིགས་གཉིས་ཐོག་བྲིས་འདུག
པདྨ་ཚེ་བརྟན་ལགས་ཉེ་དུས་ཕྱི་ཟླ་༦་པའི་ཚེས་༢༥་འི་དགོང་དྲོར་པེ་ཅིང་ནས་ཟི་ལིང་གི་གནམ་ཐང་ལ་འབྱོར་བ་དང་། གནམ་ཐང་དུ་ཅ་ལག་ཞིག་ལུས་པ་དྲན་ནས་ཕྱིར་ལེན་པར་ཕེབས་སྐབས་ཁོང་གནམ་ཐང་གི་བདེ་སྲུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ནས་བཅར་རྡུང་བཏང་བའི་གནས་ཚུལ་བྱུང་སྟེ་སྨན་ཁང་ལ་བསྟེན་གཏུག་གནང་དགོས་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།