བརྡ་ཆད་དེབ་ཕྲེང་བཅུ་གཉིས་པ་དང་བཀོལ་སྤྱོད་མཉེན་ཆས་བཅས་དབུ་འབྱེད།
2019.06.06

བོད་ཡིག་ཡུན་རིང་གནས་པ་དང་དར་སྤེལ་ཐུབ་པར་བོད་ཕྲུག་ཚོས་བོད་ཡིག་སློབ་སྦྱོང་ཐོག་འབད་བརྩོན་ཆེ་ཤོས་གནང་དགོས་རེད་ཅེས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་འབོད་སྐུལ་གནང་འདུག
འདི་ཚེས་༦་ཉིན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པས་བརྡ་ཆད་དེབ་ཕྲེང་བཅུ་གཉིས་པ་དང་། བཀོལ་སྤྱོད་མཉེན་ཆས་བཅས་དབུ་འབྱེད་གནང་ཡོད་པ་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས། འཛམ་གླིང་སྐད་ཡིག་ཞིབ་འཇུག་གི་གྲུབ་དོན་བཞག་པ་དེ་འདྲར། སྐད་ཡིག་གནས་ཚད་མཐོ་ཤོས་ནི་བེད་སྤྱོད་ཆེ་ཤོས་དང་མང་ཤོས་གྲས་བརྩིས་ཀྱི་ཡོད་པ་དང་། དམའ་ཤོས་ནི་སྔོན་མ་བྱུང་བ་ཙམ་ལས་ད་ཆ་མེད་པར་རྩ་སྟོང་དུ་གྱུར་པའི་རིགས་ལ་བཤད་ཀྱི་ཡོད་པ་སོགས་ཀྱིས། ང་ཚོའི་སྐད་ཡིག་མུ་མཐུད་ནས་གནས་པར་བོད་ཕྲུག་ཚོས་བོད་ཡིག་སློབ་སྦྱོང་ཐོག་འབད་བརྩོན་ཆེ་ཤོས་གནང་དགོས་པ་དང་། ཕ་མ་ཚོས་ཀྱང་ཁྱིམ་ནས་ཕྲུ་གུ་ཚོར་བོད་སྐད་གཙང་མའི་ལམ་ནས་བཀའ་མོལ་གནང་དགོས་པའི་འབོད་སྐུལ་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་སྐོར་གསར་འགོད་ལྷན་ཚོགས་ཐོག ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས། ཐ་སྙད་གཏན་འབེབས་དེ་ཚོ་སྤྱི་ཚོགས་ནང་གཅིག་གྱུར་གྱིས་བེད་སྤྱོད་གཏོང་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་གི་འདུག
ཤེས་རིག་ལས་ཁུངས་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས། སྐད་ཡིག་བསྲེ་སླད་འགྲོ་བར་ཐ་སྙད་ཀྱིས་མ་འདང་བའི་དཀའ་ངལ་ཡོད་པར། ཐ་སྙད་གཏན་འབེབས་ཀྱིས་ཕན་རླབས་ཆེན་པོ་ཡོང་གི་ཡོད་པ་དང་། སྐད་ཡིག་བསྲེ་སླད་མི་འགྲོ་བར་མང་ཚོགས་ཀྱིས་ཐ་སྙད་དེ་ཚོ་གང་ཐུབ་བཀོལ་སྤྱོད་གནང་རོགས་ཀྱི་འབོད་སྐུལ་གནང་གི་འདུག
ཤེས་རིག་ལས་ཁུངས་ཀྱིས་བརྡ་ཆད་ཚན་པས་ཟིན་བྲིས་བརྒྱབས་བཞག་པ་ཁག བཀའ་ཤག་གི་ཆེས་མཐོའི་གཏན་འབེབས་ལྷན་ཚོགས་ཀྱིས་སྦྱང་བཤད་གཏན་འབེབས་གནང་གི་ཡོད་པ་དང་། ད་ལྟ་བར་ཐ་སྙད་ཆིག་ཁྲི་བཞི་སྟོང་ལྔ་བརྒྱ་གཏན་འབེབས་ཐུབ་ཡོད་པ་དང་། ཐ་སྙད་དེ་ཚོ་མང་ཚོགས་དང་ཤེས་ཡོན་སྡེ་ཁག བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཡོངས་ལ་རིན་མེད་ཀྱིས་བཀྲམས་ཡོད་པ་རེད།