པདྨ་ཤེལ་གྱི་རྒྱན་ཆའི་ལས་འཆར་ལ་ཧིན་སྒོར་འབུམ་བརྒྱའི་མ་དངུལ་ཐོབ།
2019.10.25
རྒྱ་གར་སྡེ་རྭ་རྡུན་ལ་ཡོད་པའི་བཙན་བྱོལ་བཟོ་ལས་ཐོན་རྫས་ཁང་གི་པདྨ་ཤེལ་གྱི་རྒྱན་ཆའི་ལས་འཆར་ལ་ཧིན་སྒོར་འབུམ་བརྒྱའི་མ་དངུལ་ཐོབ་འདུག
ཟླ་བ་འདིའི་སྤྱི་ཚེས་༢༥་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེངྒ་མཆོག་གཙོས་པའི་དཔལ་འབྱོར་བཀའ་བློན་དང་དྲུང་ཆེ་སོགས་ལྷན་བཞུགས་ཀྱིས། རྒྱ་གར་བྱང་ཕྱོགས་སྡེ་རཱ་རྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དུ་ཡོད་པའི་བཙན་བྱོལ་བཟོ་ལས་ཐོན་རྫས་སམ་(Exile Creation Pvt.Ltd)་ཀྱི་པདྨ་མ་ཤེལ་གྱི་རྒྱན་ཆ་(Padma Jewels)་ཞེས་ཕྲེང་བ་དང་ལག་ཤེས་བཟོ་བཀོད་དང་འབྲེལ་བའི་ཚོང་ལས་གཉེར་མཁན་སྐལ་ལྡན་ཆོས་འཕེལ་ལགས་དང་ཁོང་གི་ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱི་ལས་འཆར་ལ་ཧིན་སྒོར་འབུམ་བརྒྱའི་མ་དངུལ་ཐོབ་ཡོད་པ་གསལ་བསྒྲགས་གནང་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་མཆོག་གིས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཡོང་ཁུངས་བརྒྱ་ཆ་༩༠་ནི་ཕྱི་རྒྱལ་ཁག་གི་རོགས་དངུལ་ཡིན་པར་བརྟེན། བོད་མི་ཚོས་རང་ཁ་རང་གསོ་ཡོང་བར་ལས་གཞི་འདི་ལྟ་བུ་དགོས་གལ་ཆེ་བའི་སྐོར་གསུངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་དེའི་ནང་ཡར་ཐོན་ཚོང་ལས་པ་མི་གྲངས་༤༣་ཙམ་ནས་སྙན་ཞུ་ཕུལ་འབྱོར་བྱུང་འདུག་ཅིང་། དེ་བཞིན་འདེམས་སྒྲུག་བརྒྱུད་རིམ་ནང་ཚོགས་ཆུང་ཁག་གསུམ་བསྐོ་གཞག་དང་། ཚོགས་ཆུང་དང་པོས་ཚང་སྙན་ཞིབ་འཇུག་དང་། ཚོགས་ཆུང་གཉིས་པས་མཐའ་མའི་ཚོང་ལས་པ་བཅུ་འདེམས་སྒྲུག་ཞུས་འདུག་པ་དང་། དེ་བཞིན་མཐའ་མའི་ཚོགས་ཆུང་ནས་ཚོང་ལས་པ་སོ་སོའི་འཆར་གཞིར་ཞིབ་འཇུག་བྱས་ཏེ་མཐར་གོང་ཞུས་ཚོང་པ་དེ་གཉིས་ཀྱི་ཚོང་ལས་ལས་འཆར་པདྨ་ཤེལ་གྱི་རྒྱན་ཆའམ་(Padma Jewels)་ལ་ཧིན་སྒོར་འབུམ་བརྒྱའི་མ་དངུལ་ཐོབ་ཡོད་ཅིང་། ཚོང་ལས་ལས་འཆར་དེའི་འགན་འཛིན་སྐལ་ལྡན་ལགས་ཀྱིས། ལས་གཞི་དེས་རོགས་རམ་འོག་གཙོ་བོ་བོད་རིགས་གཞོན་སྐྱེས་གང་མང་ལ་ལས་ཀ་སྐྲུན་ཐབས་བྱ་རྒྱུ་ཡིན་ཞེས་དང་མ་འོངས་པར་བོད་པའི་རིག་གཞུང་དང་འབྲེལ་བའི་རྒྱན་ཆའི་རིགས་དེ་ཚོ་བསྐྱར་གསོ་བྱ་རྒྱུའི་འཆར་གཞི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཚོང་གཉེར་མ་དངུལ་འགྲན་རྩོད་ཀྱི་ལས་གཞི་འདི་སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༠༤་པའི་སྤྱི་ཚེས་༠༢་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་དང་། ཁེ་ཎ་ཌར་རྟེན་གཞི་བྱས་པའི་བོད་ཀྱི་གསར་བཏོད་དམ་(Tibet Innovations)་ཞེས་པའི་ཚོགས་པ་གཉིས་མཉམ་འབྲེལ་འོག་ལས་གཞི་དེ་འགོ་འཛུགས་གནང་འདུག་ཅིང་། འོན་ཀྱང་ལས་གཞི་དེའི་མ་དངུལ་འབུམ་བརྒྱ་ཆ་ཚང་བོད་ཀྱི་གསར་བཏོད་དམ་(Tibet Innovations)་ཟེར་བའི་ཚོགས་པས་མཁོ་སྒྲུབ་གནང་འདུག