རྒྱ་གར་གྱི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་བོད་ཀྱི་རྒྱལ་དར་ཕྱར་མཁན་བདེ་སྐྱིད་དཔལ་འཛོམས་ལགས་ཀྱིས་ཨང་རིམ་སོན་རྒྱུ་ལས་བོད་དོན་དྲིལ་བསྒྲགས་བྱེད་རྒྱུ་འདི་གོ་སྐབས་ཆེ་བར་ངོས་འཛིན་བྱས་པ་ཡིན་ཞེས་གསུངས་བྱུང་།

2024.12.24
རྒྱ་གར་གྱི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་བོད་ཀྱི་རྒྱལ་དར་ཕྱར་མཁན་བདེ་སྐྱིད་དཔལ་འཛོམས་ལགས་ཀྱིས་ཨང་རིམ་སོན་རྒྱུ་ལས་བོད་དོན་དྲིལ་བསྒྲགས་བྱེད་རྒྱུ་འདི་གོ་སྐབས་ཆེ་བར་ངོས་འཛིན་བྱས་པ་ཡིན་ཞེས་གསུངས་བྱུང་། རྒྱ་གར་གྱི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་བོད་ཀྱི་རྒྱལ་དར་ཕྱར་མཁན་བདེ་སྐྱིད་དཔལ་འཛོམས་ལགས།
མཐུན་འགྱུར་པར་རིས། བདེ་སྐྱིད་དཔལ་འཛོམས།

རྒྱ་གར་བྱང་ཤར་བྷེང་གྷལ་མངའ་སྡེའི་རྡོ་རྗེ་གླིང་གྲོང་ཁྱེར་དུ་གནས་སྡོད་བོད་པའི་རྒྱང་རྒྱུག་ལུས་རྩལ་པ་ཟླ་བ་ནོར་བུ་ལགས་དང་། ཁོང་གི་གཟའ་ཟླ་བདེ་སྐྱིད་དཔལ་འཛོམས་ལགས་གཉིས་ཉེ་ཆར་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་རུ་ (Tata Steel) གྱིས་གོ་སྒྲིག་ཞུས་པའི་རྒྱ་གར་རྒྱལ་ཡོངས་རྒྱང་རྒྱུག་འགྲན་བསྡུར་ནང་མཉམ་ཞུགས་ཀྱིས་བདེ་སྐྱིད་དཔལ་འཛོམས་ལགས་ཀྱིས་ཨང་རིམ་བཞི་པ་བླངས་ཡོད་པ་མ་ཟད། ཁོང་གཉིས་ཀྱིས་བོད་རྒྱལ་ཁབ་ཀྱི་དོན་དུ་བོད་ཅེས་བྲིས་བའི་སྟོད་ཐུང་གྱོན་པ་དང་། འགྲན་བསྡུར་སྐབས་མི་ཚོགས་མང་པོའི་དཀྱིལ་དང་རྒྱལ་སྤྱིའི་གསར་ལམ་དང་བརྙན་འཕྲིན་ཐད་གཏོང་གི་པར་ཆས་ཡོད་སར་སླེབས་སྐབས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་ཕྱར་ཏེ་བོད་དོན་དྲིལ་བསྒྲགས་གནང་བའི་བརྙན་པར་སོགས་སྤྱི་ཚོགས་དྲྭ་ལམ་དང་རྒྱ་གར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་སོགས་སུ་ཁྱབ་ཆེ་ཕྱིན་ནས་བོད་མི་མང་ཚོགས་ཁྲོད་དགའ་མོས་དང་བསྔགས་བརྗོད་ཤུགས་ཆེ་ཐོབ་བཞིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་པའི་རྒྱང་རྒྱུག་ལུས་རྩལ་པ་བདེ་སྐྱིད་དཔལ་འཛོམས་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་མོས། འདི་ནི་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགུལ་སྤེལ་རྒྱུའི་གོ་སྐབས་བཟང་པོ་ཞིག་མཐོང་ནས་རྩེད་འགྲན་ནང་མཉམ་ཞུགས་བྱས་པ་དང་། འགྲན་བསྡུར་སྐབས་ཨང་རིམ་སོན་པ་ལས་ལྷག་བོད་རྒྱལ་ཁབ་ཀྱི་ཆེད་དུ་མང་ཚོགས་ཀྱི་ཁྲོད་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་ཕྱར་རྒྱུ་གལ་ཆེ་བར་མཐོང་ནས་བོད་དོན་དྲིལ་བསྒྲགས་དེ་ཞུས་པ་ཡིན་ཞེས་གསུངས་བྱུང་།

Dickey Palzom at the Tata Steel World 25k Kolkata Marathon (1).JPG
དེ་བཞིན་ཁོང་མོའི་བཟའ་ཟླ་ཟླ་བ་ནོར་བུ་ལགས་ཀྱིས་ཀྱང་། བོད་མི་ཚོས་རང་རྒྱལ་ཁབ་ཀྱི་དོན་དུ་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་དྲིལ་བསྒྲགས་གནང་བཞིན་ཡོད་པ་ལྟར་ངོས་བཟའ་མི་གཉིས་ཀྱིས་ཀྱང་བོད་མི་ཞིག་ཡིན་པའི་ཆ་ནས་རྩེད་མོའི་བརྒྱུད་ལམ་འདིའི་ཐོག་ནས་ད་རེས་ཀྱི་གོ་སྐབས་བཟང་པོ་དེ་བཟུང་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་སྤེལ་བ་ཡིན་ཞེས་གསུངས་བྱུང་།
ཕྱི་ལོ་ ༢༠༡༩ ལོར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་སྐབས། ཁོང་བཟའ་མི་གཉིས་ཀར་ཏོག་དབྱིབས་ནད་ཡམས་ཕོག་ནས་དཀའ་ངལ་ཤུགས་ཆེ་འཕྲད་ཡོད་པ་དང་། སྐབས་དེ་ནས་བཟུང་ཁོང་གཉིས་ཀྱིས་སོ་སོའི་གཟུགས་པོའི་འཕྲོད་བསྟེན་ཡག་པོ་དགོས་གལ་ཆེ་བར་གཟིགས་ནས་དཀའ་ངལ་ལ་གདོང་ལེན་གནང་བཞིན་ཉིན་མཚན་བསྟུད་མར་རྒྱང་རྒྱུག་དང་སྦྱོང་བརྡར་སོགས་གནང་མཐར་ད་རེས་རྩེད་འགྲན་འདིའི་ནང་འཛུལ་ཞུགས་ཐུབ་པ་དང་། ད་བར་བྱ་དགའ་ཡང་མང་པོ་ཐོབ་མྱོང་ཡོད་པ་རེད།
བོད་པའི་རྒྱང་རྒྱུག་ལུས་རྩལ་པ་ཟླ་བ་ནོར་བུ་ལགས་དང་ཁོང་གི་གཟའ་ཟླ་བདེ་སྐྱིད་དཔལ་འཛོམས་ལགས་གཉིས་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ནང་གནས་སྡོད་བྱེད་བཞིན་པ་དང་། འཚོ་ཐབས་ཚོང་ལས་བྱེད་ཞོར་རྒྱང་རྒྱུག་སོགས་ཀྱི་ལམ་ནས་ས་གནས་མང་ཚོགས་ལ་འཕྲོད་སྟེན་གྱི་གོ་རྟོགས་དང་བོད་དོན་དྲིལ་བསྒྲགས་སོགས་གནང་བཞིན་ཡོད་པ་རེད།།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎