༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྒྱལ་ཁ་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ཐོབ་སོང་།
2024.05.31
དེ་ཡང་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ། སྤྱི་ལོ་༢༠༢༤་ལོའི་༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༩་པ་བདུན་ཕྲག་གཉིས་ཀྱི་རིང་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་བཅུ་དྲུག་ནང་ཕན་ཚུན་བར་འགྲན་བསྡུར་རིམ་པ་བྱས་བ་བརྒྱུད། འདི་ཚེས་༣༠ཉིན་རྩེ་ཕུད་རུ་ཁག་བར་མཐའ་མའི་འགྲན་བསྡུར་དེ་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་སྦེ་ལ་ཀོ་པི་ལུགས་བསམ་གྷོ་ལ་ཐཱ་ལའི་རུ་ཁག་བར་གནང་ཏེ་སྤོ་ལོ་གསུམ་དང་གཉིས་ཀྱི་ཐོག་ནས་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་།
མོན་གྷོ་འདོད་རྒུ་གླིང་རུ་ཁག་གི་སྒོ་སྲུང་བ་དང་སློབ་སྟོན་པ་བསྟན་འཛིན་བསམ་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་། ཁོང་རྣམ་པར་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞེས་གསུངས་བྱུང་།
རྩེད་འགྲན་གྱི་ཨང་གཉིས་པའི་རྒྱལ་ཁ་ཐོབ་མཁན་གྷོ་ལ་ཐཱ་ལའི་རུ་ཁག་གི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་ལགས་ཀྱིས། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྩེད་འགྲན་ཁྲོད་ཁོང་རྣམ་པའི་རུ་ཁག་གི་རྩེད་འགྲན་པ་རྣམས་ཀྱིས་ཡག་པོ་རྩེད་དེ་མཐའ་མའི་རྩེད་འགྲན་ནང་སླེབས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུང་གནང་བྱུང་།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བྱང་ཆུབ་རྒྱལ་མཚན་ལགས་ཀྱིས། ད་ལན་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་མཐའ་མའི་རྩེད་འགྲན་སྐབས་ཕྱི་ཚེས་༢༨་ཉིན་རྙོག་གླེང་ཞིག་གི་རྐྱེན་པས་སྐབས་ཐོག་རྩེད་འགྲན་མཇུག་སྒྲིལ་མ་ཐུབ་པའི་དཀའ་ངལ་འཕྲད་པ་དེའི་དབང་གིས་མི་མང་དང་རྩེད་འགྲན་སོགས་མང་པོ་ལ་བརྡབ་གསིག་བྱུང་བ་དེར་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་ངོས་ནས་དགོངས་སེལ་ཞུས་པ་དང་སྦྲགས། རྩེད་འགྲན་འདིའི་སྐབས་རྡ་སའི་རྩེད་འགྲན་པ་ཞིག་གི་དཔྱ་ཁྲལ་ལག་དེབ་དངོས་འབྲེལ་མིན་པའི་ཡིག་ཆར་ཞིབ་འཇུག་གིས་བདེན་པ་མིན་པའི་ར་སྤྲོད་བྱུང་སྟབས། སྒྲིག་གཞི་གཞིར་བཟུང་གིས་ད་ལན་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་གྱི་མཐའ་མའི་འགྲན་བསྡུར་གྱི་ནང་རྡ་ས་ཆིག་སྒྲིག་རུ་ཁག་གི་ཚབ་ཏུ་གྷོ་ལ་ཐཱ་ལའི་རུ་ཁག་སླེབས་པ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་ལ། ད་དུང་ད་རེས་རྩེད་འགྲན་འདིའི་སྐབས་ཧོན་སུར་རབ་རྒྱས་གླིང་རྩེད་མོ་ཚོགས་པ་དང་མི་མང་ནས་རྒྱབ་སྐྱོར་གནང་བར་ཡིད་རང་བསྔགས་བརྗོད་གནང་གི་འདུག
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༩་པའི་རྩེད་འགྲན་རྒྱལ་ཁ་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ཐོབ་པ་དེ་ནི་རྩེད་འགྲན་རུ་ཁག་དེར་རྩེད་འགྲན་དེའི་རྒྱལ་ཁ་ཐོབ་པ་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།