བོད་རྒྱལ་ཡོངས་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཐོང་མཆན་དུས་ཐོག་མ་རག་པར་བརྟེན་ནོར་ཝེ་ཡུལ་དུ་བསྐྱོད་ཐུབ་མི་འདུག
དེ་ཡང་བོད་རྒྱལ་ཡོངས་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་སྤྱི་ལོ་༢༠༢༤་ལོའི་(CONIFA)་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་རྒྱུ་ཐག་ཆོད་བྱུང་ཡོད་ཀྱང་འགྲན་བསྡུར་ཚུགས་ཡུལ་ནོར་ཝེ་ལ་བསྐྱོད་རྒྱུའི་མཐོང་མཆན་(Visa)་དུས་ཐོག་མ་རག་པ་དང་། འདི་ཚེས་༣རེས་གཟའ་ཟླ་བའི་ཉིན་བར་མཐོང་མཆན་རག་ཐབས་གང་ཡོང་བྱས་ཡོད་ཀྱང་རག་མེད་པ་དང་། ད་ཆ་རྩེད་འགྲན་གྱི་དུས་ཚོད་སླེབས་ལ་ཉེ་རྐྱེན་ནོར་ཝེ་ཡུལ་དུ་བསྐྱོད་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་དང་། དེའི་ཚབ་ལ་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་རྩེད་འགྲན་ནང་མཉམ་ཞུགས་གནང་རྒྱུའི་ཆེད་ལ་དྭགས་ཡུལ་དུ་བསྐྱོད་འཆར་ཡོད་པ་བོད་རྒྱལ་ཡོངས་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་ཚོར་སྦྱོང་བརྡར་སྤྲོད་མཁན་མགོན་པོ་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

སྤྱི་ལོ་༢༠༢༤་ལོའི་(CONIFA)་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་བཞིན་ཟླ་བ་འདིའི་ཚེས་༣་ནས་༨་བར་ནོར་ཝེ་རྒྱལ་ཁབ་ཀྱི་(Bodo)་ས་གནས་སུ་ཚོགས་བཞིན་ཡོད་པའི་སར་སྔ་ས་ནས་བོད་ཀྱི་བུད་མེད་རྐང་རྩེད་པོ་ལོའི་རུ་ཁག་མཉམ་ཞུགས་གནང་རྒྱུའི་མི་འགྲོ་ཐོག་མར་བུད་མེད་རྐང་རྩེད་སྤོ་ལོ་རྩེད་མཁན་བུད་མེད་ཉི་ཤུ་རྩ་ལྔ་འདེམས་སྒྲུག་གནང་ཡོད་ཀྱང་། མཐའ་མ་རྒྱ་བལ་གཉིས་ནས་བོད་པའི་བུད་མེད་༡༦་དང་། ཨ་རི་ནས་གཅིག་བཅས་བུད་མེད་བཅུ་བདུན་འདེམས་སྒྲུག་གིས་སྦྱོང་བརྡར་སོགས་གྲ་སྒྲིག་ཆ་ཚང་ཟིན་ཡོད་ནའང་ད་རེས་མཐོང་མཆན་དུས་ཐོག་མ་ཐོབ་པའི་རྐྱེན་གྱིས་(Norway)་ལ་ཐོན་བསྐྱོད་གནང་ཐུབ་མེད་པ་རེད།
བོད་ཀྱི་རྒྱལ་ཡོངས་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་དེ་བཞིན་༢༠༡༡་ལོར་གསར་འཛུགས་གནང་བ་དང་། རྒྱ་གར་དང་བལ་ཡུལ་གཉིས་ནང་གི་བོད་པའི་བུད་མེད་རྐང་རྩེད་སྤོ་ལོར་དོ་དབྱིངས་ཡོད་པ་རྣམས་འདེམས་སྒྲུག་གིས་ད་ཕན་རྒྱལ་སྤྱི་དང་རྒྱ་གར་ནང་འགྲན་བསྡུར་ཁག་མང་པོའི་ནང་མཉམ་ཞུགས་གནང་ཡོད་པ་རེད།
འབྲེལ་ཡོད་གནས་ཚུལ།
གསར་འགོད་པ། དབྱངས་སྒྲོན། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།