མ་འོངས་པར་མཉམ་འབྲེལ་སྒོ་ནས་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་གླེང་བ།
2020.08.01

༄༅།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཀཱངྒ་རཱ་རྫོང་གི་Vishwa Hindu Parishad དང་ཀཱངྒ་རཱ་རྫོང་གི་RSSཞེས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་རྒྱུན་ལས་རྣམས་ཕྱི་ཟླ་༧ཚེས་༣༠ཉིན་སྤྱི་འཐུས་ལྷན་ཁང་ནང་མཇལ་འཕྲད་གནང་འདུག སྐབས་དེར་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་སྙན་གྲགས་ཅན་གྱི་Bharat Ratna འམ་རྒྱ་གར་གྱི་ནོར་བུ་ཞེས་པའི་གཟེངས་རྟགས་དང་གཱན་རྡིའི་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་འདུག ཀཱངྒ་རཱ་རྫོང་གི་ཝི་ཝ་ཧིན་དུ་པ་རི་ཤད་ཚོགས་པའི་རྒྱུན་ལས་སྐུ་ཞབས་མ་ནི་ཤར་མ་Mani Sharma དང་ཀཱངྒ་ར་རྫོང་གི་RSSཞེས་རྒྱ་གར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་རྒྱུན་ལས་སྐུ་ཞབས་ཋ་ཀུར་དཱས་Thakur Das དང་པ་ཝན་ཨ་ཊ་རི་Pawan Attri བཅས་བཞུགས་སྒར་རྡ་རམ་ས་ལའི་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་ཕེབས་ནས་ཁོང་རྣམས་ཀྱིས་ལས་འགུལ་གང་སྤེལ་སྐོར་སྙན་སེང་ཞུས་པ་དང་མ་འོངས་པར་མཉམ་འབྲེལ་སྒོ་ནས་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་སོགས་དང་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་དཀའ་རྙོག་དང་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དང་འབྲེལ་ནས་རྡ་ཤོད་རྒྱ་གར་ཡུལ་མི་རྣམས་ཀྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་སྤྱོད་གསུམ་མཚམས་འཇོག་ཀྱི་ལས་འགུལ་སྤེལ་སྐོར་དང་མ་འོངས་པར་བོད་དོན་སྐོར་ལས་འགུལ་སྤེལ་སྐབས་སྤྱི་འཐུས་ཚོགས་གཞོན་མཆོག་ཆེད་ཕེབས་ཡོང་བའི་རེ་སྐུལ་གནང་འདུག སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཁོང་རྣམས་ཀྱིས་བོད་དོན་ལས་འགུལ་སྤེལ་བར་ཐུགས་རྗེ་ཞུས་གནང་བ་དང་སྦྲགས་བོད་ནང་གི་བོད་མི་༡༥༤་ལྷག་གིས་བོད་དོན་ཆེད་སྐུ་ལུས་མེར་མཆོད་ཕུལ་བ་སོགས་གཞིས་བཞུགས་བོད་མི་རྣམས་ཀྱིས་རྒྱ་ནག་གི་གདུག་བརྩུབ་་དྲག་གནོན་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་མུ་མཐུད་ནས་གནང་གི་ཡོད་པ་དང་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱིས་སྣེ་འཁྲིད་གནང་སྟེ་བོད་ནང་གི་དངོས་ཡོད་གནས་ཚུལ་ཁག་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གནང་བཞིན་པ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་བའི་ཐོག་ནས་ཕྱི་ལོ་༢༠༠༢་ནས་ཕྱི་ལོ་༢༠༡༠་བར་བོད་རྒྱ་འབྲེལ་མོལ་ཐེངས་༩་གནང་བ་དང་བོད་དོན་འཐབ་རྕོད་གནང་བཞིན་པའི་སྐོར་ངོ་སྤྲོད་གནང་བའི་མཐའ་མར་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱ་གར་གཞུང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་རྒྱ་གར་གྱི་ནོར་བུའམ་Bharat Ratna ཞེས་པ་དང་གཱན་དྷིའི་ཞི་བདེའི་གཟེངས་རྟགས་Gandhi Peace Award འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་སྟབས། ཁོང་རྣམས་ཀྱིས་དེར་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་འདུག།