དབྱར་རྩ་དགུན་དེང་དུས་འབུ་ཚོང་རའི་ནང་འགྲོ་རྒྱུག་ཆེ་བ།
2016.06.28

བོད་དང་བལ་ཡུལ་སོགས་ཧི་མ་ལ་ཡའི་རི་བརྒྱུད་ས་ཁུལ་དུ་སྐྱེས་པའི་དབྱར་རྩྭ་དགུན་འབུ། དེང་སང་ཨ་མི་རི་ཀ་དང་། སིང་གྷ་པུར། རྒྱ་ནག་སོགས་ཀྱི་ནང་ཚོང་གི་འགྲོ་རྒྱུག་ཤུགས་ཆེན་པོ་ཡོད་པ་རེད། སྤྱིར་བཏང་དབྱར་རྩྭ་དགུན་འབུ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཧྥེ་ཊི་༡༠༠༠༠་སར་སྐྱེས་ཀྱི་ཡོད་པའི་སྐྱེས་དངོས་རྩྭའམ་ཡང་ན་དེང་དུས་ཧི་མ་ལ་ཡའི་Viagra ཞེས་པའི་སྟོབས་དང་ནུས་བ་བསྐྱེད་པའི་སྨན་རྫས་རིགས་ཀྱི་མིང་ཐོགས་ཡོད་པ་རེད།
བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ས་ཁུལ་དུ་དབྱར་རྩྭ་དགུན་འབུའི་སྐྱེ་དངོས་དེ་མི་རྣམས་ཀྱི་འཚོ་བའི་ནང་བེད་སྤྱོད་བྱེད་པ་དང་། ཚོང་འདྲེན་ཡང་བྱེད་ཀྱི་ཡོད་པར་དེ་སྔོན་སྤྱི་ལོ་༡༩༨༠་ནང་ལོ་མང་གི་རིང་ལ་མི་རྣམས་ཀྱིས་དབྱར་རྩྭ་དགུན་འབུ་དང་། ཐ་མག ཡང་ན་ཐུག་པ་སྐམ་པོ་སོགས་དབར་བརྗེ་བསྒྱུར་གྱི་ཚོང་རྒྱག་གི་ཡོད་པ་རེད། ཡིན་ནའི་ཉེ་བའི་ཆར་དབྱར་རྩྭ་དགུན་འབུ་ནི་ཁྲོམ་རའི་ནང་ཤིན་ཏུ་གོང་ཚད་ཆེ་བའི་ཚོང་རྫས་སྐྱེ་དངོས་རིན་ཐང་ཆེ་བའི་གྲས་ཤིག་ཏུ་སླེབས་ཡོད་པ་རེད།
ཡིན་ནའི་དབྱར་རྩྭ་དགུན་འབུ་འཐུ་བར་བསྐྱོད་མཁན་ཚོར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད། མ་ཟད་པའི་དེང་སང་འཛམ་གླིང་གི་ཚ་དྲོད་འཕེལ་བའི་གནམ་གཤིས་ཀྱི་འགྱུར་ལྡོག་དེས་རྣམ་ཀུན་དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ལའང་བར་ཆད་མང་པོ་ཡོང་གི་ཡོད་པ་རེད། དབྱར་རྩྭ་དགུན་འབུ་འཐུ་བར་བསྐྱོད་མཁན་Jir Bahadur Budha་ཟེར་བའི་ལོ་གྲངས་༤༣་ལ་སོན་པའི་བལ་པོའི་་མི་རིགས་ཤིག་གིས་གསུངས་པར། བལ་ཡུལ་ནང་དབྱར་རྩ་དགུན་འབུ་རྐང་རེར་ཨ་སྒོར་༣་དང་སྐར་༥༠་ཙམ་རགས་ཀྱི་ཡོད་པས། ན་ནིང་༤༠༠་ཙམ་བྱུང་ཡོད་རུང་ད་ལོ་དེ་ཙམ་བྱུང་མེད་པའི་སྐོར་དང་སྐབས་རེ་དབྱར་རྩྭ་དགུན་འབུ་མ་རགས་ན་ལས་མེད་ལྟོ་མེད་ལྟ་བུ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག
གསར་འགོད་པ་ཕྲེང་རིང་བསྟན་ནོར།