༧གོང་ས་མཆོག་གིས་ཨ་རིའི་སིན་སི་ན་ཏི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཀརྨ་པུརེ་ཝལ་ལགས་སུ་འཚམས་འདྲི་མཛད།

ཨ་རིའི་སིན་སི་ན་ཏི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་འདེམས་བསྐོ་བྱུང་བའི་ཨ་མ་བོད་རིགས་ཡིན་པའི་བུ་ཨཕ་ཏཔ་ཀརྨ་པུརེ་ཝལ་ལགས་ཀྱིས་ཕྱི་ཟླ་༡་ཚེས་༤་ཉིན་ལས་འཁུར་དམ་འབུལ་གནང་ཡོད་པ་དང་། མཛད་སྒོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༢་ཚེས་༧་ཉིན་བསྩལ་བའི་གསུང་འཕྲིན་འཚམས་སྦྱོར་གནང་འདུག གསུང་འཕྲིན་དེའི་ནང་། རྒྱུན་དུ་བོད་མི་ཚོ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། གནས་སྟངས་གསར་པ་འདྲ་མིན་འོག་བོད་མི་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་བསྒྲུབས་པ་དང་མཉམ་བོད་མི་རིགས་ཀྱི་ངོ་བོ་རྒྱུད་འཛིན་གནང་གི་ཡོད་པ་གཟིགས་དུས། ༧གོང་ས་མཆོག་ལ་ཐུགས་སྤོབས་ཡོང་གི་ཡོད་པའི་བཀའ་བསྩལ་གནང་འདུག
དེའི་ཐད་ཨཕ་ཏཔ་(Aftab Pureval)་ལགས་ཀྱིས། ཁོང་རང་བོད་མི་ཞིག་ཡིན་པའི་ཆ་ནས་༧གོང་ས་མཆོག་གིས་འདི་འདྲའི་ངོས་འཛིན་མཛད་པ་འདི་ནི་དམིགས་བསལ་སྐལ་པ་བཟང་པོ་ཞིག་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ནང་སྤྱི་ཚོགས་ནང་གི་ཉམས་ཐག་དཀའ་སྡུག་ཆེན་པོ་ཡོད་པ་ཚོར་ལྟ་སྐྱོང་ཡག་པོ་བྱེད་དགོས་པའི་བཀའ་སློབ་ཕེབས་པ་འདིར། ཁོ་རང་སེམས་འགུལ་ཧ་ཅང་ཐེབས་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་འདིར་དངོས་སུ་ཆིབས་སྒྱུར་ཞབས་སོར་བསྐྱང་ཞིང་། གུས་པས་མང་ཚོགས་ལ་ངོ་སྤྲོད་ཆེ་བསྟོད་ཞུ་རྒྱུའི་གོ་སྐབས་ཤིག་ཐོབ་ན་ཤིན་ཏུ་སྤོབས་པ་ཆེན་པོ་ཡོང་ངེས་ཡིན་པ་ཁོང་གི་(twitter)་དྲ་རྒྱའི་ཐོག་སྤེལ་འདུག
གཞན་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ངའི་ངོས་ནས་བོད་མི་གཞོན་སྐྱེས་མི་རབས་རྗེས་མ་རྣམས་ལ་སྙིང་སྟོབས་བསྐྲུན་རྒྱུའི་གོ་སྐབས་བྱུང་བར་སྤོབས་པ་བྱེད་ཀྱི་ཡོད་ལ། ཨ་མི་རི་ཀ་དང་བཙན་བྱོལ་སྤྱི་ཚོགས་གང་སའི་སྤྱི་དམངས་ཁྲོད། བོད་མི་ཨ་རི་བ་གཞན་རྣམས་ཀྱིས་ཞབས་ཞུ་བསྒྲུབ་རྒྱུའི་ཆེད་དུ། མདུན་དུ་ཐོན་ཐུབ་པའི་རེ་བ་ཆེན་པོ་ཡོད་ཅེས་གསུང་བྱུང་།
ཨ་རིའི་(Ohio)་མངའ་སྡེའི་(Cincinati)་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུའི་འགྲན་རྩོད་ཁྲོད། བོད་མི་ཨ་རི་བ་དགུང་ལོ་༣༩་ལ་སོན་པ། སྐུ་ཞབས་ཨཧྥ་ཏསྦ་ཀརྨ་པུརེཝལ་ལགས་སུ། ཕྱི་ཟླ་༡༡ ཚེས་༣་ཉིན་ཁ་གཏད་དམངས་གཙོ་ཚོགས་པའི་འོས་མི་ཡིན་པ་དང་། དེ་སྔ་གྲོང་ཁྱེར་སྤྱི་ཁྱབ་པ་ཐེངས་གཉིས་གནང་མྱོང་མཁན་(David Mann)་དང་འགྲན་བརྩོད་གནང་བའི་བརྒྱུད་རིམ་ནང་། ཁོང་ལ་འོས་གྲངས་༣༣༡༢༤་དང་། བརྒྱ་ཆ་༦༥།༨་ཐོབ་ཡོད་པ་དང་། ཁ་གཏད་འོས་མིར་འོས་གྲངས་༡༧༢༠༧་ཐོབ་ཏེ། འགྲན་རྩོད་པ་གཉིས་བར་འོས་ཤོག་གྲངས་འབོར་ཁྱད་པར་ཆེན་པོ་བྱུང་ནས། ཨཧྥ་ཏསྦ་ཀརྨ་པུརེཝལ་ལགས་སུ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།