ནམ་ཡང་བརྗེད་ཐབས་མེད་པའི་བོད། ༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གློག་བརྙན་གསར་བ།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་གྱི་གློག་བརྙན་ནམ་ཡང་བརྗེད་ཐབས་མེད་པའི་བོད་ཞེས་བ་དེ་འཛམ་གླིང་ནང་འགྲེམས་སྤེལ་གྱི་ཚོང་འབྲེལ་བདག་དབང་(Parkland Pictures)་ཞེས་པས་ཉོས་ཡོད་འདུག
གློག་བརྙན་དེ་སྐུ་ཞབས་(Hugh Bonneville)་ལགས་གྱིས་འགྲེལ་བཤད་གནང་ཡོད་པ་དང་། གློག་བརྙན་དེའི་ནང་ཕྱི་ལོ་༡༩༥༩་ལོར་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་སྐབས་༧གོང་ས་མཆོག་རྒྱ་གར་ནང་གདན་ཞུ་གནང་མཁན་རྒྱ་གར་གཞུང་གི་ཆབ་སྲིད་དཔོན་རིགས་དམ་པ་(Har Mander Singh)་ཡིན་ལུགས་ཐོག་མར་གསུངས་གནང་ཡོད་འདུག
གློག་བརྙན་དེ་སྒྱུ་རྩལ་བ་(Anouska Shanker)་ལགས་ཀྱིས་ཐོག་མའི་འཆར་འགོད་དང་། རྩོམ་པ་པོ་(Rani Singh)་ལགས་ཀྱིས་རྩོམ་བྲིས་གནང་བའི་ཕྱག་དེབ། དཔོན་རིགས་ཤིག་དང་༧གོང་ས་མཆོག་ཅེས་པར་གཞི་བཅོལ་ནས་(Jean-Paul
Mertinez)་ལགས་ཀྱིས་བཟོ་སྐྲུན་གནང་ཡོད་འདུག
གློག་བརྙན་དེའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གྱི་སྲིད་བློན་ནེ་རུ་དང་དབྱིན་ཇིའི་སྲིད་བློན་(Macmillan)་བཅས་བར་ཕྱི་ལོ་༡༩༥༩་ལོར་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པའི་སྐབས་ཡིག་འབྲེལ་གནང་བའི་གསང་བའི་ཕྱག་བྲིས་རྣམས་མཇལ་རྒྱུ་ཡོད་འདུག
གློག་བརྙན་དེ་བཞིན (Jean-Paul Mertinez)་ལགས་ཀྱིས་༧གོང་ས་མཆོག་དང་། བོད་ཀྱི་ནང་ཆོས། དེང་དུས་འཛམ་གླིང་གི་རིག་གཞུང་སྐོར་བཅས་གློག་བརྙན་གསུམ་བཟོ་རྩིས་ཡོད་པ་ནས་དང་པོ་དེ་ཡིན་པ་དང་། སྐར་མ་༩༠་ཅནགྱི་གློག་བརྙན་དེ་རླུང་འཕྲིན་ནང་རྒྱང་སྲིང་ཆེད་སྐར་མ་༦༠བྱས་པ་ཞིག་བཟོས་གནང་ཡོད་འདུག
༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་གློག་བརྙན་འདི་འཛམ་གླིང་ས་ཕྱོགས་གང་ས་ནས་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་ཡོད་ལུགས་དང་། གློག་བརྙན་འདིའི་ནང༧གོང་ས་མཆོག་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པའི་སྐོར་ཙམ་མ་ཟད། བོད་ཀྱི་རོལ་དབྱངས་དང་། ཆོས་དང་རིག་གཞུང་། བོད་ཀྱི་ཐོུང་མ་ཡིན་པའི་ཁྱད་ཆོས་ཁག གཙོ་བོ་༧གོང་ས་མཆོག་གི་བྱམས་དང་སྙིང་རྗེའི་སྐོར་སོགས་ཡིན་པ་རེད་འདུག