༧གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་ཞིག་འཛམ་གླིང་གང་སར་གཟིགས་འབུལ་ཞུ་རྒྱུ་རེད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༥༩་ལོར་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས། འདི་ལོའི་ཕྱི་ཟླ་༣་ཚེས་༣༡་ཉིན་མི་ལོ་༦༣་འཁོར་གྱི་ཡོད་པའི་དུས་ཚེས་དང་བསྟུན་ནས། བོད་ནམ་ཡང་མ་བརྗེད་ཞེས་༧གོང་ས་མཆོག་གི་མཛད་རྣམ་དེ་སྔ་བཤད་མྱོང་མེད་པའི་དངོས་བྱུང་གློག་བརྙན་ནམ་དབྱིན་སྐད་ཐོག་(Never Forget Tibet: The Dalai Lama’s Untold Story)་ཞེས་པའི་གློག་བརྙན་དེ་བཞིན་དབྱིན་ཡུལ་གྱི་(Fathom)་དང་བྱམས་དང་སྙིང་རྗེའི་གློག་བརྙན་བཟོ་བསྐྲུན་ཁང་གིས་ཨ་རིའི་ནང་གི་གློག་བརྙན་ཁང་ཁག་༨༠༠་ལྷག་དང་མཉམ་འབྲེལ་གནང་སྟེ་གཟིགས་འབུལ་ཐོག་མ་དེ་ཞུ་རྒྱུ་ཡིན་སྐོར་འདི་ཟླའི་ཚེས་༩་ཉིན་གསལ་བསྒྲགས་གནང་འདུག
དངོས་བྱུང་གློག་བརྙན་དེའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་ནས་༧མགོན་པོ་གང་ཉིད་རྒྱ་མིས་བཙན་བཟུང་བྱས་པའི་བོད་ནས་བྲོས་བྱོལ་དུ་ཆིབས་བསྒྱུར་བསྐྱངས་ཐུབ་པའི་ལོ་རྒྱུས་གསུངས་པ་ཁག་བཏོན་གནང་འདུག ཡང་གློག་བརྙན་དེའི་ནང་རྒྱ་གར་གྱི་ཆབ་སྲིད་མི་སྣ་(Har Mander Singh)་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་སྐུ་ཕྱྭར་ཉེན་ཁ་མེད་པའི་ཐོག་ནས་གདན་འདྲེན་ཞུ་རྒྱུར་ལམ་ཁྲིད་ཞུས་པ་ཁག་དང་། ༧གོང་ས་མཆོག་དང་(HarMander Singh)་རྣམ་གཉིས་ལྷན་དུ་༧གོང་ས་མཆོག་བོད་ནས་བྲོས་བྱོལ་དུ་ཕེབས་པའི་ལོ་རྒྱུས་སྐོར་གསུངས་པ་ཡང་བཏོན་གནང་འདུག
ཡང་ལོ་རྒྱུས་རང་བཞིན་གྱི་དངོས་བྱུང་གློག་བརྙན་དེས་འཛམ་གླིང་གི་རྒྱལ་རབས་ལོ་རྒྱུས་དང་། ཆོས་ལུགས། སྒྱུ་རྩལ་དང་རིག་གཞུང་། བོད་བརྒྱུད་ནང་ཆོས་བཅས་ཀྱི་སྙིང་དོན་ཁག་ལ་དཔྱད་ཞིབ་ཀྱང་ཞུས་འདུག
ཡང་གློག་བརྙན་དེ་ཡིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བྲོས་བྱོལ་དུ་ཆིབས་བསྒྱུར་བསྐྱངས་ཐུབ་པ་བཏོན་གནང་བ་ཙམ་མ་ཟད། ༧གོང་ས་མཆོག་གིས་གནམ་གཤིས་འགྱུར་ལྡོག་སྐོར་བཀའ་སློབ་བསྩལ་གནང་བ་དང་། བཟོད་བསྲན་དེ་བཞིན་གོ་ལ་ཁྱོན་ཡོངས་ནང་བྱམས་བརྩེའི་གསར་བརྗེ་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་པ་ཁག་ཀྱང་བཏོན་གནང་འདུག
ད་དུང་དེང་དུས་ཀྱི་གཞོན་སྐྱེས་རྣམས་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས་ཀྱི་ལས་གཞིའི་ཆ་ཤས་སུ་༧གོང་ས་མཆོག་གིས་གཞོན་སྐྱེས་རྣམས་ལ་སྐུ་སྒེར་གྱི་དམིགས་བསལ་བཀའ་སློབ་བསྩལ་་གནང་མཛད་འདུག
དངོས་བྱུང་གློག་བརྙན་འདིའི་སྙན་སྒྲོན་པ་ནི་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་སྒྱུ་རྩལ་བ་གྲགས་ཅན་(Hugh Bonneville)་ལགས་ཡིན་པ་དང་། དེའི་ནང་གི་རོལ་དབྱངས་སྒྲ་འཇུག་ཞུ་མཁན་ནི་(Anouska Shankar)་ལགས་ཡིན་པ་ཁོང་ནི་རྒྱ་གར་གྱི་སྙན་གྲགས་ཆེ་བའི་རོལ་དབྱངས་པ་(Sri Ravi Shankar)་ལགས་ཀྱི་བུ་མོ་ཡིན་པ་རེད། གློག་བརྙན་དེ་ཇུས་འགོད་གནང་མཁན་ནི་(JeanPaul Mertinez)་ལགས་ཡིན་པ་དང་། དངོས་བྱུང་གློག་བརྙན་དེའི་ནང་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་ལུས་སྲོག་བློས་གཏོང་གནང་མཁན་ཡོངས་ལ་བསྔོ་སྨོན་གནང་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།