༧གོང་ས་མཆོག་གི་བཀའ་སློབ་གློག་བརྙན་རེ་བའི་སྒྱུ་རྩལ་ཞེས་པ་དབྱིན་ཡུལ་སོགས་གང་སར་གཟིགས་འབུལ་གནང་བཞིན་འདུག
དེ་ཡང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་(CIRCA)་ཞེས་པའི་དེང་དུས་སྒྱུ་རྩལ་རིག་གནས་ལྟེ་གནས་གིས་བཟོ་བསྐྲུན་ཞུས་པ་དང་། བརྗོད་གཞི་གཙོ་བོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་སྤྱིར་ཕན་བདེ་བསྒྲུབ་པའི་དགོངས་གཞི་དང་། འཛམ་གླིང་ཞི་བདེ་དང་འབྲེལ་བའི་བཀའ་སློབ་བསྩལ་བ་ཁག་ཕྱོགས་བསྡུས་བྱས་བའི་གློག་བརྙན་ཞིག་ཡིན་པ་དེ་ཕྱི་ཟླ་དང་པོའི་ཚེས་༡༡ཉིན་གྱི་ཕྱི་དྲོའི་ཚོུད་༨པར་ལོན་ཌོན་གྱི་མི་མང་འདུ་འཛོམས་ཆེ་ཤོས་ཀྱི་ལམ་མདོ་(Piccadilly Circus)་ཡོད་པའི་གློག་གླད་སྦྱར་དཔང་དུ་གཟིགས་འབུལ་གནང་གི་ཡོད་པ་དང་། གློག་བརྙན་དེར་རེ་བའི་སྒྱུ་རྩལ་ཞེས་འབོད་ཀྱི་ཡོད་པ་རེད།
གློག་བརྙན་བཟོ་བསྐྲུན་ཚན་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བཀའ་ཡིག་ཅིག་ཕྱི་ཟླ་༡ཚེས་༡༠ཉིན་བསྩལ་བ་རྒྱ་རིགས་སྒྱུ་རྩལ་བ་(Ai Wei Wei)་ཡིས་ལྗགས་ཀློག་ཞུས་པའི་ནང་། ང་ཚོ་འགྲོ་བ་མི་ཚང་མ་བདེ་བ་འདོད་པ་གཅིག་གྱུར་ཡིན་པའི་ཆ་ནས་མི་ཅིག་གྱུར་གྱི་འདུ་ཤེས་དེ་མུ་མཐུད་དུ་འཛིན་དགོས། མི་ཚང་མར་བདེ་སྐྱིད་བསྒྲུབ་པའི་ཐོབ་ཐང་གཅིག་མཚུངས་ཡོད་སྟབས། དཀའ་ངལ་ཇི་འདྲ་ཞིག་འཕྲད་རུང་རེ་བ་ནམ་ཡང་དོར་རྒྱུ་མེད་པ་དང་། འཕྲལ་དུ་གྲུབ་འབྲས་ཤིག་འབྱུང་མིན་ལ་མ་བལྟོས་པར། ངང་རྒྱུད་རིང་ཞིང་རྟག་ཏུ་ཆོད་སེམས་བརྟན་པོ་འཛིན་དགོས་པ་ནན་སྐུལ་གནང་འདུག
གློག་བརྙན་དེ་བཞིན་དུས་མཚུངས་གཞན་འཇར་མན་གྱི་རྒྱལ་ས་བྷར་ལིན་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག། ཨོསི་ཊརེ་ལི་ཡའི་(Australia)་གྲོང་ཁྱེར་(Melbourne) ཨི་ཊ་ལིའི་གྲོང་ཁྱེར་མི་ལན། ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་བཅས་སུ་ཡང་གཟིགས་འབུལ་གནང་རྒྱུ་ཡིན་འདུག
གློག་བརྙན་དེ་ཕྱི་ལོ་༢༠༢༣ལོའི་མཚོན་དོན་སླད། ཕྱི་དྲོ་ཆུ་ཚོད་༨།༢༣་མམ་ཆུ་ཚོད་༢༤རྩིས་སྲོལ་ལྟར་ན་ཆུ་ཚོད་ཉིན་ཤུ་དང་སྐར་མ་ཉེར་གསུམ་༢༠།༢༣ཞེས་ཆེད་དུ་སྒྲིག་ཡོད་པ་རེད།
གློག་བརྙན་དེའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་མི་མང་ཐེར་འབུམ་བདུན་ཡོངས་ལ་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་འབད་བརྩོན་གནང་གི་ཡོད་པ་གསུངས་ཡོད་ཅིང་། བོད་ཀྱི་རེ་བའི་ལྟེ་གནས་ཀྱི་འགན་འཛིན་རྟ་མགྲིན་ཐུབ་བསྟན་ལགས་ཀྱིས། འཛམ་གླིང་མི་དམངས་ཀྱི་བསམ་བློའི་ཁྲོད་༧གོང་ས་མཆོག་གི་རེ་བའི་ཐུགས་འདུན་བཏོན་ཐུབ་རྒྱུ་དགའ་ཚོར་ཆེན་པོ་བྱུང་ཞེས་ཨོ་ཀུ་ལ་དུས་དེབ་གསར་ཁང་ལ་གསུངས་འདུག གློག་བརྙན་དེ་བཞིན་ད་དུང་(CIRCA)་སྒྱུ་རྩལ་ཁང་གིས་དྲ་རྒྱའི་ཐོག་ནས་ཚོང་བསྒྱུར་ཞུ་བཞིན་ཡོད་པ་དང་། ཚོང་བསྒྱུར་བྱུང་བའི་མ་དངུལ་རྣམས་བོད་ཀྱི་རེ་བའི་ལྟེ་གནས་ཁང་དང་(CIRCA)་ཚོང་དོན་ཁང་ཟུང་འབྲེལ་གྱིས་སློབ་ཕྲུག་ཚོར་སློབ་ཡོན་དང་། དཔེ་བཟང་དང་རོགས་དངུལ་སོགས་ཀྱི་ཆེད་དུ་གཏོང་རྒྱུ་ཡིན་འདུག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།