༧གོང་ས་མཆོག་གི་མཛད་རྣམ་གློག་བརྙན་གསར་པ་ཞིག་གློག་བརྙན་ཁང་བརྒྱད་བརྒྱའི་ནང་གཟིགས་འབུལ་གནང་རྒྱུ་རེད།

2022.03.29
༧གོང་ས་མཆོག་གི་མཛད་རྣམ་གློག་བརྙན་གསར་པ་ཞིག་གློག་བརྙན་ཁང་བརྒྱད་བརྒྱའི་ནང་གཟིགས་འབུལ་གནང་རྒྱུ་རེད། ༧གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བོད་ནམ་ཡང་མ་བརྗེད།
fathomevents.com

དེ་ཡང་ཕྱི་ཚེས་༢༩ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ན་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་དུ། ད་བར་དུ་ཕྱི་ལ་མ་བསྒྲགས་པའི་གནས་ཚུལ་མི་ཉུང་བ་ཡོད་པའི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་དེ་ཐོག་མའི་དབུ་འབྱེད་ཉིན་ཨ་རི་དང་ཁེ་ཎ་ཌའི་གློག་བརྙན་ཁང་བརྒྱད་བརྒྱའི་ནང་གཟིགས་འབུལ་གནང་འཆར་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་བོད་ཀྱི་དངོས་བྱུང་གློག་བརྙན་གསར་བ་དེའི་དབུ་འབྱེད་ཀྱི་ཆ་ཤས་ལེན་པའི་གོ་སྐབས་ཐོབ་པར་དགའ་སྤོབས་བྱུང་བ་བརྗོད་འདུག
དངོས་བྱུང་གློག་བརྙན་དེའི་ནང་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཅས་པའི་བོད་མི་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པའི་སྐོར་བརྗོད་དཀའ་བའི་དངོས་བྱུང་གཏམ་རྒྱུད་རེ་རེར་བཀོད་ཡོད་པ་དང་། ཕྱི་ཟླ་༣པའི་ཚེས་༣༡ཉིན་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བདེ་བླག་ངང་རྒྱ་གར་ས་ཐོག་ཏུ་ཞབས་སོར་འཁོད་པའི་ཉིན་མོར་དྲན་གསོ་དང་འབྲེལ་ཉིན་དེར་ཨ་རི་དང་ཁེ་ཎ་ཌའི་གློག་བརྙན་ཁང་བརྒྱད་བརྒྱའི་ནང་ཐོག་མར་གཟིགས་འབུལ་གནང་རྒྱུ་རེད་འདུག
དངོས་བྱུང་གློག་བརྙན་དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཙན་བྱོལ་གྱི་བརྒྱུད་རིམ་ཁྲོད་ལོ་རྒྱུས་རང་བཞིན་གྱི་བཀའ་སློབ་བསྩལ་བའི་གློག་བརྙན་གལ་ཆེན་ཞིག་དང་། དེ་བཞིན་གློག་བརྙན་དེ་བརྒྱུད་འཛམ་གླིང་གི་ལོ་རྒྱུས་དང་དགོངས་པ་ཟབ་ཡངས། སྒྱུ་རྩལ། རིག་གཞུང་དང་བོད་ཀྱི་ནང་ཆོས་སྐོར་བཅས་བརྗོད་གཞི་གཙོ་བོ་ཤེས་རྟོགས་ཐུབ་པ་དང་། བཙན་བྱོལ་ལམ་བུའི་ལོ་རྒྱུས་གནས་སྟངས་ཞིབ་ཕྲ་ལས་གཞན་ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་གནམ་གཤིས་དང་ཁོར་ཡུག སེམས་པ་གུ་ཡངས་ཐད་ཀྱི་བཀའ་སློབ་ཟབ་མོ་བསྩལ་ཏེ་འཛམ་པོའི་གླིང་ཡོངས་ལ་བྱམས་བརྩེ་བ་ཟབ་མོའི་གསར་བརྗེ་གནང་བའི་འབོད་སྐུལ་ཡང་ཞུས་འདུག
དངོས་བྱུང་གློག་བརྙན་འདི་ནི་གསེར་གྱི་བུམ་པ་རྟགས་མའི་འོས་མིའི་ནང་ཚུད་མཁན་གློག་བརྙན་འཁྲབ་སྟོན་པ་(Hugh Bonneville)་ནས་འགྲེལ་བརྗོད་དང་། གྷི་རེ་མིར་གཟེངས་རྟགས་འོས་མིར་ཚུད་པ་སྒྲ་སྡུད་སྒྱུ་རྩལ་པ་(Anoushka Shankar)་ནས་བཟོ་བསྐྲུན་གནང་བ་དང་། ཁོང་མོ་ནི་རྒྱ་གར་གྱི་སྙན་གྲགས་ཆེ་བའི་རོལ་མོ་བ་(Sri Ravi Shankar)་ལགས་ཀྱི་བུ་མོ་རེད་འདུག

དེ་བཞིན་འདི་ཚེས་༢༨་ཉིན་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ནང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་སྐོར་གྱི་པར་རིས་འགྲེམས་སྟོན་ཞིག་གནང་ཡོད་པ་དང་། དེ་ནི་ལྷོ་ཨ་ཧྥི་རི་ཀའི་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་གྲོང་ཁྱེར་(Cape Town)་ནང་གི་(Simons Town Museum)འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་ཐོག་ཟླ་ངོ་གཅིག་རིང་གནང་གི་ཡོད་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎