སོག་ཡུལ་དུ་ནང་ཆོས་ཚན་རིག་དང་རིག་གསར་ཚན་རིག་བར་བགྲོ་གླེང་།


2016.11.21
༧གོང་ས་མཆོག་དབུ་བཞུགས་ཐོག་སོག་ཡུལ་དུ་ནང་ཆོས་ཚན་རིག་དང་རིག་གསར་ཚན་རིག་བར་བགྲོ་གླེང་། ༢༠༡༦།༡༡།༢༡ ༧གོང་ས་མཆོག་དབུ་བཞུགས་ཐོག་སོག་ཡུལ་དུ་ནང་ཆོས་ཚན་རིག་དང་རིག་གསར་ཚན་རིག་བར་བགྲོ་གླེང་། ༢༠༡༦།༡༡།༢༡
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཚན་རིག་དང་རིག་གསར་ཚན་རིག་དབར་མཐུན་པའི་ཆ་རྣམས་ཕན་ཚུན་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་གྱི་ཐོག་ནས་འཕེལ་རྒྱས་བཏང་སྟེ་སྤྱི་ཚོགས་ལ་ཕན་བདེ་འགྲུབ་ཐབས་བྱ་གལ་ཆེ་བའི་སྐོར་བཀའ་གནང་འདུག
དེ་ཡང་ཕྱི་ཟླ་༡༡་ཚེས་༢༡་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སོག་ཡུལ་གྱི་ཉིན་གསུམ་པའི་མཛད་འཆར་གཙོ་བོ་ནི། ནང་ཆོས་དང་ཚན་རིག་དབར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་པ་དེ་ཡིན་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུ་འདི་ལྟ་བུ་གཙོ་བོ་ཨ་མི་རི་ཀ་དང་། ཡོ་རོབ། དེ་བཞིན་ཉི་ཧོང་ནང་ཐེངས་གཅིག་གཉིས་བསྐོང་ཚོགས་བྱས་པ་ལས། དེ་མིན་ནང་པའི་ཡུལ་གྲུ་ཞིག་གི་ནང་དམིགས་བསལ་བསྐོང་ཚོགས་བྱས་པ་བྱུང་མེད་སྟབས། ད་རེས་སོག་ཡུལ་ནང་པའི་ཡུལ་གྲུ་འདིའི་ནང་འདི་ལྟ་བུའི་ཚོགས་འདུ་ཞིག་བསྐོང་ཚོགས་ཐུབ་པར་དམིགས་བསལ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་བཀའ་གནང་ཡོད་པ་རེད། འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུའི་མིང་ལ་ནང་ཆོས་དང་ཚན་རིག་ཅེས་པར་ཐུགས་མོས་དེ་ཙམ་མེད་པ་དང་། ནང་ཆོས་ཞེས་བརྗོད་སྐབས་དད་པ་དང་སྐལ་བ་སྔ་ཕྱི། ལས་རྒྱུ་འབྲས་སོགས་ཀྱི་རྣམ་བཞག་ཡོངས་རྫོགས་འདུས་ཡོད་པས། རིག་གསར་ཚན་རིག་པ་དང་བགྲོ་གླེང་སྐབས་གནད་དོན་འདི་དག་ཐད་སློང་བྱེད་ཀྱི་མེད་ཅིང་། གཙོ་བོ་ནང་པའི་ལྟ་གྲུབ་ཀྱི་སེམས་ཀྱི་རྣམ་བཞག་སོགས་གཞི་དངོས་པོའི་གནས་ལུགས་ཐོག་བགྲོ་གླེང་བྱེད་ཀྱི་ཡོད་སྟབས། ནང་ཆོས་ཀྱི་ཚན་རིག་དང་རིག་གསར་ཚན་རིག་དབར་གྱི་བགྲོ་གླེང་ཞེས་མིང་བཏགས་དགོས་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི། སོག་ཡུལ་གྱི་སྤྱི་ཚོགས་ནང་ནང་ཆོས་ཀྱི་བསླབ་བྱའི་དགོས་གལ་སྐོར་དང་། སེམས་ཁམས་ཚན་རིག་པ་ཚོས་སྙིང་རྗེའི་སྒོམས་སམ་ཉམས་ལེན་གྱི་ཐོག་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་པར་འགྱུར་བ་འགྲོ་ཚུལ། ནང་པའི་ཚན་རིག་དང་ཚད་མའི་གཞུང་གཞི་ལ་བཞག་སྟེ་སྲོལ་རྒྱུན་དང་དེང་དུས་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་དཔྱད་ལུགས། དབང་རྩའི་ཚན་རིག་ཀྱི་ཐོག་ནས་དཔྱད་སྒོམས་བྱ་ཚུལ་དང་སྤྱི་ཚོགས་ཀྱི་གནས་བབས་ལ་གཞིགས་ཏེ་ནང་ཆོས་ཉམས་ལེན་བྱ་ཚུལ་སྐོར། རིག་གསར་ཚན་རིག་གི་དངོས་ཁམས་ཚན་རིག་དང་ནང་པའི་ཤེས་རབ་དབར་གྱི་གཞི་མཐུན། དབང་རྩའི་ཚན་རིག་གི་དྲན་པ་ཉེར་བཞག་གི་སྒོམ་དང་དེས་ལུས་ཀྱི་ན་ཟུག་ལ་སྟངས་འཛིན་བྱ་ཕྱོགས་སོགས་ཀྱི་ཐད་ཚན་རིག་པ་དང་ནང་པའི་མཁས་པ་སོ་སོའི་ཞིབ་འཇུག་གི་གྲུབ་དོན་གཞི་ལ་བཞག་སྟེ་བགྲོ་གླེང་དགོངས་ཚུལ་བརྗེ་ལེན་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཚན་རིག་པ་དང་རིག་གསར་ཚན་རིག་པ་ཐུག་འཕྲད་དང་བགྲོ་གླེང་བྱ་རྒྱུ་དེ་ནི་ཕན་ཚུན་གཉིས་ཀར་ཕན་ཐོགས་ཧ་ལས་པའི་ཆེན་པོ་ཡོད་པ་ཞིག་ཡིན་པ་བཀའ་གནང་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ངོས་ནས་རིག་གསར་ཚན་རིག་པའི་ཕྱོགས་ནས་ཕྱིའི་དངོས་པོ་དང་འཇིག་རྟེན་སོགས་ཀྱི་སྐོར་བློ་བསྐྱེད་བླང་རྒྱུ་ཡོད་པ་དང་། ཡང་ཚན་རིག་པ་ཚོས་ནང་པའི་གཞུང་ནང་གསུངས་པའི་ཧ་ཅང་ཞིབ་རྒྱས་གསུངས་པའི་སེམས་ཁམས་སྐོར་དང་། ཚོར་མྱོང་སོགས་ཀྱི་ཐད་སློབ་སྐྱེས་བླངས་རྒྱུ་ཧ་ཅང་མང་པོ་ཡོད་པ་བཀའ་གནང་ཡོད་པ་རེད།
དེ་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སོག་ཡུལ་རྒྱ་གར་གཞུང་ཚབ་ཆེན་མོས་ཉིན་གུང་ལྗགས་སྨིན་འདེགས་འབུལ་ཞུས་ཡོད་ཅིང་། ཕྱི་ཚེས་༢༢་ཉིན་སོག་ཡུལ་ནང་པའི་རིག་གཞུང་ལྟེ་གནས་ཁང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་ཀུན་ཁྱབ་འགན་འཁུར་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གི་ནང་ཆོས་ཅེས་པའི་བརྗོད་གཞིའི་སྒོ་ནས་བླང་དོར་བཀའ་སློབ་སྩོལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎