༧གོང་ས་མཆོག་གིས་སོག་པོའི་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པའི་གསར་བསྐོས་མཁན་པོར་འཚམས་འདྲི་མཛད་འདུག

དེ་ཡང་སོག་ཡུལ་གྱི་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཁན་པོ་བླ་མ་ཆོས་ཀྱི་རྒྱ་མཚོ་ལགས་ཀྱིས་ལོ་ངོ་༣༠ལྷག་གི་རིང་མཁན་པོའི་ཐུགས་འགན་བཞེས་རྗེས། ཉེ་ཆར་ཁོང་གིས་དགོན་པའི་མཁན་པོ་ནས་དགོངས་པ་ཞུས་པའི་ཚབ་ཏུ། དགེ་བཤེས་ལྷ་རམས་པ་རྗེ་བཙུན་རྡོ་རྗེ་ལགས་སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོར་འདེམས་ཐོན་བསྐོ་བཞག་བྱུང་ཡོད་པ་རེད། ཟླ་བ་འདིའི་ཕྱི་ཚེས་༦ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསར་བསྐོས་མཁན་པོར་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་རྨངས་གཞིར་བཟུང་བའི་དམ་པའི་ཆོས་ལ་འགྲོ་བ་མི་སྤྱི་ལ་ཕན་བདེའི་བྱ་བཞག་སྒྲུབ་རྒྱུར་ནུས་པའི་རང་བཞིན་ཡོད་ན་ཡང་། དམ་པའི་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་མ་བྱེད་ཚེ་ནུས་པ་དེ་མངོན་དུ་འགྱུར་ཐབས་མེད་པ་གསུངས་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།་ནང་ཆོས་འཆད་ཁྲིད་བྱེད་པའི་སྐབས་ལ་ང་ཚོས་ངེས་པར་སེམས་ལ་བཞག་དགོས་པ་ཞིག་ནི་ནང་ཆོས་གང་སྦྱང་པ་དེ་ལ་གོམས་འདྲིས་ཀྱི་འདུན་པ་བརྟན་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་འདུག
གཞན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོའི་བབ་ཀྱིས་མཁན་པོའི་ལས་ཁྱུར་ཟིན་པ་སོག་པོ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་བླ་མ་ཆོས་ཀྱི་རྒྱ་མཚོ་ལགས་སུ་གསུང་འཕྲིན་བརྩལ་བའི་ནང་། ཁོང་གིས་ཐོས་བསམ་སྒོམ་གསུམ་དང་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བསྟན་པ་དར་སྤེལ་གནང་པར་བསྔགས་བརྗོད་གནང་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡུན་རིང་གྲོགས་འདྲིས་ཡོད་པ་མཁན་པོ་བླ་མ་ཆོས་ཀྱི་རྒྱལ་མཚན་ལགས་ཀྱིས་མི་ཚེ་དོན་དང་ལྡན་པའི་ངང་བསྐྱེལ་གནང་ཡོད་པ་བཀའ་གནང་འདུག
ད་ལན་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་བསླབ་པ་མཐར་ཕྱིན་པའི་སོག་ཡུལ་ནས་དགེ་བཤེས་ལྷ་རམས་པ་ཐོན་ཐེངས་དང་པོ་ཡིན་པ། རྗེ་བཙུན་རྡོ་རྗེ་ལགས་སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོར་འདེམས་ཐོན་བྱུང་བར་སྒོ་མང་གྲྭ་ཚང་གིས་དྲྭ་ཐོག་འཚམས་གནང་བ་སོགས་རྗེ་བཙུན་རྡོ་རྗེ་ལགས་དང་འཛིན་གྲོགས་ཡིན་པ་སྒོ་མང་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བསྟན་འཛིན་མཁྱེན་དག་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཁོང་གིས་རྗེ་བཙུན་རྡོ་རྗེ་ལགས་གྲྭ་ཚང་དུ་སློབ་གཉེར་གནང་རིང་སློབ་སྦྱོང་བརྩོན་པ་གནང་བ་ལྟར་མདོ་སྔགས་གཉིས་ཀྱི་གཞུང་ལུགས་ཁག་ལ་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་སོན་པ་མ་ཟད། སློབ་གྲོགས་ཚོ་དང་མཐུན་ལམ་ཆེ་བ་སོགས་ཀྱི་གོམས་གཤིས་བཟང་པོ་ཡོད་པའི་འགྲེལ་བརྗོད་གནང་བྱུང་།
སོག་པོ་དགའ་ལྡན་དགོན་པའི་མཁན་པོ་བླ་མ་ཆོས་ཀྱི་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་༡༩༩༢ལོ་ནས་བཟུང་སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོའི་ཐུགས་འགན་བཞེས་གནང་ཡོད་ཅིང་། ཁོང་ཕྱི་ལོ་༡༩༨༣ལོར་རྡ་ས་རིག་ལམ་སློབ་གཉེར་ཁང་དུ་ལོ་གཉིས་ཙམ་གྱི་རིང་སློབ་སྦྱོང་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད་འདུག་ལ། ཁོང་མཁན་པོ་གནང་བའི་ལས་ཡུན་རིང་༧གོང་ས་མཆོག་སོག་ཡུལ་དུ་ཐེངས་ལྔ་གདན་འདྲེན་ཞུ་གནང་མྱོང་ཡོད་པ་དང་། སོག་ཡུལ་ནས་གྲ་རྒྱུན་མང་པོ་ཞིག་རྒྱ་གར་ནང་སློབ་གཉེར་གྱི་ཆེད་བཏང་ཡོད་པ་རེད་འདུག
སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཐིར་དུ་ཡོད་པའི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་ནི། ཕྱི་ལོ་༡༨༠༩ལོར་སོག་པོའི་བླ་མ་རྗེ་བཙུན་དམ་པ་སྐུ་ཐོག་གོང་མའི་གོང་མ་རྣམས་ཀྱིས་ཕྱག་བཏབ་པ་ཞིག་ཡིན་པ་དང་། ཕྱི་ལོ་༡༩༤༤་ནས་༡༩༨༩ལོའི་བར་ཨུ་རུ་སུ་དམག་ཤོག་སྤྱི་མཐུན་རྒྱལ་ཁབ་འོག་དགོན་པ་འདི་ཉམས་ཆགས་ཧ་ཅང་ཆེན་པོ་ཕྱིན་ནས་མཐར་དགོན་པ་སྒོ་རྒྱག་དགོས་པའི་གནས་སུ་ལྷུང་ན་ཡང། རྗེས་སུ་རིམ་པས་དགོན་པོ་དེ་སླར་གསོ་བྱུང་ཏེ་ད་ཆ་དགོན་པ་དེ་བཞིན་སོག་ཡུལ་ནང་གི་མ་དགོན་གཙོ་བོ་ཞིག་ཆགས་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།