སུད་སི་དང་ཁེ་ཎ་ཌ་སོགས་སུ་བོད་མི་ཚོས་༧གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་ཞི་བའི་ལས་འགུལ་སྤེལ་འདུག
དེ་ཡང་ཉེ་ལམ་ཕྱི་ཟླ་༢བའི་ཚེས་༢༨ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ། རྒྱ་གར་གྱི་ཁང་ཚོང་ཁེ་གཉེར་ལས་ཁང་(M3M)་ཟེར་བ་དེའི་རོགས་ཚོགས་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་ཏེ་རྒྱ་གར་གྱི་སློབ་ཕྲུག་༡༢༠ ཙམ་ལ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། རྒྱ་གར་གྱི་ཕྲུ་གུ་ཞིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཐམ་འཁྱུད་ཆོག་པའི་གནང་བ་ཞུས་བར། ༧གོང་ས་མཆོག་གིས་ཞལ་བཞེས་དང་མཉམ་ཕྲུ་གུ་དེར་སྐུ་རྩེད་ཞུས་བའི་པའི་བརྙན་ཐུང་ཞིག་དྲྭ་ལམ་གང་སར་ཁྱབ་པར་བརྟེན། བཅད་གཏུབ་བྱས་བའི་བརྙན་ཐུང་དེ་དང་འབྲེལ་ཕྱི་ཟླ་༤བའི་ནང་རྒྱ་གར་དང་ནུབ་ཕྱོགས། རྒྱ་ནག་བཅས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་གོ་བ་ལོག་སྒྲུབ་ཀྱིས་སྦིར་བསྒྲགས་ཤུགས་ཆེར་བྱས་བ་དང་། ལྷག་པར་དུ་ཁག་ཅིག་གིས་༧གོང་ས་མཆོག་ལ་གཞི་མེད་མཚན་ཤས་བཟོ་ཐབས་བྱས་བར་བརྟེན། རྒྱ་གར་རྡ་རམ་སཱ་ལ་དང་ལ་དྭགས་གཙོས་ས་གནས་ཁག་མང་པོར་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་གཞི་མེད་མཚན་ཤས་བཟོ་མཁན་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་ལྟར། འདི་ཚེས་༡༩ཉིན་སུད་སི་དང་ལེག་ཐེན་ཤེ་ཀྲན་(Liechtenstein)་བོད་རིགས་ཚོགས་པའི་བཀོད་སྒྲིག་འོག རི་གོང་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་རྒྱལ་བའི་ཞབས་བརྟན་བཏོན་པ་དང་མཉམ། མི་མང་ཉིས་སྟོང་ལྷག་འདུ་འཛོམས་ཀྱིས་གསར་ལམ་ཁག་གི་གཙོས་དྲྭ་ལམ་ཁག་ནང་༧གོང་ས་མཆོག་ལ་གཞི་མེད་མཚན་ཤས་བཟོ་མཁན་ལ་ངོ་རྒོལ་དང་བྱ་སྤྱོད་དེ་རིགས་མཚམས་འཇོག་དགོས་བའི་ངོ་རྒོལ་ལས་འགུལ་དང་། གོམ་བགྲོད། ཡིག་ཆ་འགྲེམས་སྤེལ་སོགས་བྱས་ཡོད་པ་རེད།
གཞན་སུད་སི་དང་ལེག་ཐེན་ཤེ་ཀྲན་བོད་རིགས་ཚོགས་པ་དང་། ཡོ་རོབ་བོད་ཀྱི་གཞོན་ནུ་ཚོགས་པའི་འཐུས་ཚབ་རྣམས། ཁུལ་དེའི་གསར་འགྱུར་སྤེལ་མཁན་གྱི་བརྙན་འཕྲིན་ཁང་ལ་སོང་ནས་འབྲེལ་ཡོད་འགན་འཛིན་དང་ཐུག་འཕྲད་ཀྱིས་གླེང་མོལ་གནང་བ་བརྒྱུད། ཁོང་ཚོར་ནོར་འཁྲུལ་དེ་ངོས་ལེན་དགོས་བ་དང་། དོན་དངོས་དེ་གནས་ཚུལ་ལོག་འགྲེལ་ཡིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་དུ་མཚན་ཤས་བཟོ་ཐབས་བྱས་བའི་ཇུས་ངན་བཤམས་པ་ཡིན་པའི་བདེན་དཔང་གི་ཡིག་ཆ་ཁག་ཀྱང་མཁོ་སྤྲོད་བྱས་ཡོད་པ། ཡོ་རོབ་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཟུར་བ་བཀྲ་ཤིས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་ལས་འགུལ་བརྒྱུད་ནས་གསར་འགྱུར་བརྒྱུད་ལམ་དེ་དག་གིས་ནོར་འཁྲུལ་ཁས་ལེན་དང་གནས་ཚུལ་གསལ་བསྒྲགས་བྱ་རྒྱུ་ཡིན་པ་སོགས་ཀྱི་ཁས་ལེན་བྱས་ཡོད་འདུག་ལ། ས་གནས་བོད་རིགས་ཚོགས་པའི་ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་བར་བོད་མི་འདུ་འཛོམས་ཀྱི་ལས་འགུལ་ཁོངས་སུ་ད་རེས་བོད་མི་འདུ་འཛོམས་བྱུང་པ་བཞིན་མཐོང་མྱོང་མེད་ཅེས་དང་། འདི་ལྟར་བོད་མི་ཚོས་མཉམ་རུབ་ཀྱི་ལས་འགུལ་སྤེལ་རྒྱུ་གལ་ཆེན་མཐོང་གི་འདུག་ཅེས་གསུངས་བྱུང་།
དེ་མཚུངས་འདི་ཚེས་༡༩ཉིན། ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ནང་གནས་སྡོད་བོད་མི་མང་པོ་ས་གནས་(St. George)་རུ་རྟེན་གཞི་བྱས་པའི་རྒྱ་ནག་གི་ཚོང་འབྲེལ་དོན་གཅོད་ལས་ལས་ཁུངས་མདུན་དུ་འཛོམས་ནས། བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱི་གོ་སྒྲིག་སྣེ་ཁྲིད་འོག རྒྱ་གཞུང་གི་སྲིད་བྱུས་ངན་པའི་འོག་གསར་ལམ་དང་དྲྭ་ལམ་བེད་སྤྱོད་ཀྱིས་༧གོང་ས་མཆོག་ལ་མཚན་ཤས་བཟོ་ཐབས་བྱས་བར་ངོ་རྒོལ་དང་། གསར་ལམ་ཁག་གིས་དྲང་བདེན་གྱི་གནས་ཚུལ་བཤད་བཟོ་བ་སོགས་ཀྱི་སྐད་འབོད་དང་ཞི་བའི་ལས་འགུལ་སྤེལ་ཡོད་པ་རེད།
སྐབས་དེར་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས། ད་ཐེངས་ཀྱི་གནད་དོན་འདི་ཁ་གསལ་ཞིག་བཟོ་མ་ཐུབ་ཚེ། འབྱུང་འགྱུར་བོད་པའི་མི་རབས་གཞོན་པ་རྣམས་ལ་དོགས་སློང་ཡོང་བའི་གནས་སྟངས་ཆགས་སྲིད་དུས་གནད་དོན་འདིར་གང་ཐུབ་ཀྱིས་རྣམ་པ་འདྲ་མིན་གྱི་སྒོ་ནས་གདོང་ལེན་དང་ཁ་གསལ་བཟོ་ཐུབ་པ་དགོས་བ་གསུང་ཡོད་པ་རེད།
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས། ཨ་རི་སོགས་ས་གནས་ཁག་མང་པོར་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་། ༧གོང་ས་མཆོག་ལ་མཚན་ཤས་བཟོ་ཐབས་བྱེད་མཁན་ལ་ངོ་རྒོལ། གསར་འགྱུར་བརྒྱུད་ལམ་ཁག་གིས་དྲང་བདེན་གྱི་གནས་ཚུལ་བཤད་དགོས་བ་སོགས་ཀྱི་དགོས་འདུན་བཏོན་ནས་རྣམ་པ་འདྲ་མིན་གྱི་ཐོག་ལས་འགུལ་སྤེལ་བཞིན་པ་རེད།
གསར་འགོད་པ། རབ་སྒང་ཚེ་ཕུན་དང་། ཨྱོན། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།