༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་ཇུས་བྱེད་འཆར་ནི་ཧམ་བཤད་རང་རེད་ཟེར།

2023.01.06
༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་ཇུས་བྱེད་འཆར་ནི་ཧམ་བཤད་རང་རེད་ཟེར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས།
OoT

དེ་ཡང་ཕྱི་ཟླ་དང་པོའི་ཚེས་༤ཉིན་རྒྱ་གར་གྱི་(PTI)་གསར་ལས་ཁང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲིའི་སྐབས་སུ། སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་༡༥འི་རིང་ནས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ལ་ཐེ་ཇུས་བྱེད་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས། ཁོང་གིས་སྣེ་ཁྲིད་པའི་བཀའ་ཤག་གི་ངོས་ནས་ཀྱང་དེའི་ཐད་མང་གཙོ་རིམ་འགྱུར་གྱི་གྲ་སྒྲིག་བྱས་ནས་ཡོད་ཅེས་ཡང་སྲིད་དང་འབྲེལ་བའི་གནད་དོན་གླེང་བའི་རྗེས། འདི་ཚེས་༥ཉིན་རྒྱ་ནག་གི་ཕྱོགས་ནས་གནད་དོན་དབྱེ་ཞིབ་པས་བཤད་པ་ལུངས་དྲངས་ནས། རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཟེར་བའི་འགོ་ཁྲིད་ཟུར་པ་(Zhu Weiqun)་གྱིས། རྒྱ་ནག་དབུས་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་བྱ་ཕྱོགས་ཐད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་མཛུབ་སྟོན་བྱ་རྒྱུ་ཡིན་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་དེ་རྒྱ་ནག་དབུས་གཞུང་གིས་མཐའ་མའི་ཐག་གཅོད་དང་ཆོག་མཆན་ཐོབ་དགོས་ཀྱི་ཡོད་ཚུལ་བརྗོད་ཡོད་པ་རྒྱ་ནག་གི་གོ་ལའི་དུས་བབ་(Global Time)་ཟེར་བའི་སྟེང་གནས་ཚུལ་བཀོད་འདུག
དེའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྤྱིར་བཏང་རྒྱ་ནག་གཞུང་གི་བཤད་སྟངས་དེ་གསར་བ་གང་ཡང་མ་རེད། རྒྱ་ནག་གཞུང་གིས་ད་བར་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱས་མེད་ཙང་། ད་ཆ་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་ཐེ་ཇུས་བྱས་ནས་བོད་རྒྱའི་དཀའ་རྙོག་མེད་པར་བཟོ་ཐབས་བྱེད་བཞིན་པ་གསལ་བོ་རེད། ཡིན་ན་ཡང་དེ་ནི་རྒྱ་ནག་གི་ཧམ་བཤད་རང་རེད། བཀའ་ཤག་གི་ངོས་ནས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་རྒྱ་ནག་ལ་ཐེ་ཇུས་བྱེད་དབང་མེད་པ་ལངས་ཕྱོགས་གསལ་བོ་བཟོས་ཟིན་པ་རེད་ལ། ཨ་རི་གཞུང་གི་ཕྱོགས་ནས་ཀྱང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་རྒྱ་ནག་ལ་ཐེ་ཇུས་བྱེད་དབང་མེད་པ་དང་། ཐེ་ཇུས་བྱས་ན་ངོས་ལེན་བྱེད་རྒྱུ་མིན་པའི་ལངས་ཕྱོགས་གསལ་བོ་བཟོས་ཟིན་པ་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་(PTI)་གསར་ལས་ཁང་གི་བཅར་འདྲིར། རྒྱ་ནག་གཙོས་པའི་གཞུང་སུ་ལའང་༧གོང་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་འགན་འཁྲི་དང་འབྲེལ་བ་གང་ཡང་མེད་རུང་། རྒྱ་ནག་གཞུང་གིས་ཆོས་ལུགས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོས་ངོས་འཛིན་མཛད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱིས་གར་སོང་མེད་པར་གྱུར་ནས། རྒྱལ་མཚན་ནོར་བུ་ཟེར་བའི་ཁྱེའུ་དེ་༧པཎ་ཆེན་གྱི་ཡང་སྲིད་དུ་བསྐོ་གཞག་བྱས་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎