རྒྱ་གར་གྲོས་ཚོགས་ནང་ཨ་རུ་ན་ཅལ་མངའ་སྡེའི་འཐུས་མི་ཏ་པིར་གྷའོ་ལགས་ཀྱིས་གྲོས་ཚོགས་ནང་༧གོང་ས་མཆོག་གི་ཡང་སྲིད་ཀྱི་ལམ་ལུགས་ངོས་ལེན་དང་རྒྱ་གར་གྱི་ཆེ་བསྟོད་གཟེངས་རྟགས་འབུལ་དགོས་པའི་གྲོས་འཆར་བཏོན་ཡོད་འདུག

2024.12.16
རྒྱ་གར་གྲོས་ཚོགས་ནང་ཨ་རུ་ན་ཅལ་མངའ་སྡེའི་འཐུས་མི་ཏ་པིར་གྷའོ་ལགས་ཀྱིས་གྲོས་ཚོགས་ནང་༧གོང་ས་མཆོག་གི་ཡང་སྲིད་ཀྱི་ལམ་ལུགས་ངོས་ལེན་དང་རྒྱ་གར་གྱི་ཆེ་བསྟོད་གཟེངས་རྟགས་འབུལ་དགོས་པའི་གྲོས་འཆར་བཏོན་ཡོད་འདུག རྒྱ་གར་དབུས་གྲོས་ཚོགས་འོག་མའི་ནང་གི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་འཐུས་མི་སྐུ་ཞབས་ཏ་པིར་གྷའོ་(Tapir Gao)་ལགས་ཀྱིས་གཏམ་བཤད་སྐབས། ༡༢།༡༦།༢༠༢༤
Screengrab /Sansad TV

དེ་ཡང་འདི་ཚེས་༡༦ཉིན་(Sansad TV)་ཞེས་རྒྱ་གར་གྲོས་ཚོགས་ཀྱི་བརྙན་འཕྲིན་ཐད་གཏོང་ནང་། རྒྱ་གར་དབུས་གྲོས་ཚོགས་འོག་མའི་ནང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་འཐུས་མི་སྐུ་ཞབས་ཏ་པིར་གྷའོ་(Tapir Gao)་ལགས་ཀྱིས་གཏམ་བཤད་སྐབས། དེ་རིང་ངས་གྲོས་ཚོགས་དང་རྒྱ་གར་མི་མང་ཚོར་གསལ་པོ་ཞུ་འདོད་པ་ཞིག་ནི། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་ལམ་ལུགས་འདི་ངོས་ལེན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཚན་དངོས་སུ་བསྟན་འཛིན་རྒྱ་མཚོ་ཞུ་གི་ཡོད་རེད། ད་ཆ་ཁོང་དགུང་གྲངས་༩༠ ཐམ་པར་ཕེབས་ཀྱི་ཡོད་པ་རེད། བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་ལམ་ནས་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་སྲོལ་ཞིག་ཡོད་པ་རེད། ད་ལྟའི་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགོངས་པ་རྫོགས་པ་ཡིན་ན་སྐུ་ཕྲེང་བཅོ་ལྔ་པ་དེ་བཞིན་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་ཀྱི་ཡིན་ཚུལ་སྔོན་ཚུད་ནས་གསལ་བསྒྲགས་བྱས་ཟིན་པ་རེད། དེ་བས་མགོན་པོ་གང་ཉིད་ཀྱི་༧སྐུའི་ཡང་སྲིད་ཐད་ངན་བྱུས་གཤོམ་བཞིན་པར་རྒྱ་གར་གཞུང་གིས་ལངས་ཕྱོགས་ཁ་གསལ་ངང་གདོང་ལེན་གནང་དགོས། དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་སྤྱིའི་ནང་བྱམས་བརྩེ་དང་སྙིང་རྗེ། ཞི་བདེ་སྐྲུན་ཐབས་སུ་ཕྱག་ལས་གནང་བའི་མཛད་རྗེས་ལ་རྒྱ་གར་གྱི་ངོས་ནས་ཆེས་བསྟོད་ཀྱི་བྱ་དགའ་(Bharat Ratna)་གཟེངས་རྟག་འབུལ་བཞེས་གནང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གྲོས་འཆར་བཏོན་གནང་འདུག
གོང་དུ་ཞུས་པའི་གཟེངས་རྟགས་དེ་ནི་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་དེ་ཡིན་པ་དང་། དེ་སྔ་ཡང་རྒྱ་གར་བ་མ་ཡིན་པའི་མི་སྣ་མཛད་རྗེས་ཅན་ཁག་ཅིག་ལ་འབུལ་བཞེས་གནང་མྱོང་ཡོད་པ་རེད། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་གཞུང་འབྲེལ་ཁྲིམས་ཡིག་གཏན་འབེབས་དང་། དེའི་ཐོག་བོད་མིའི་མངོན་འདོན་ལ་རྒྱབ་སྐྱོར་ཡོད་པ་གསལ་བསྒྲགས་སྤེལ་བ་སོགས་བྱུང་ཡང་། རྒྱ་གར་གཞུང་གིས་ད་ལྟ་གཞུང་འབྲེལ་གྱིས་ཐོག་ནས་ད་བར་སྐུའི་ཡང་སྲིད་སྐོར་ལམ་ཕྱོགས་ཇི་ཡིན་གང་ཡང་གསལ་པོ་གསུངས་མེད་པ་རེད། དེ་བཞིན་འདི་ལོ་ཡོ་རོབ་བོད་བརྒྱུད་ནང་བསྟན་ཚོགས་ཆེན་ཐོག་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་མཆོག་ཁོ་ནར་ཡོད་པའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་བ་སོགས་རྒྱལ་སྤྱིའི་ཐོག་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་ཡང་སྲིད་དང་འབྲེལ་རྒྱ་ནག་ལ་གདོང་ལེན་བྱེད་རྒྱུ་སྔ་ས་ནས་གྲ་སྒྲིག་བྱས་དང་བྱེད་བཞིན་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎