རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་ཐེ་བྱུས་བྱེད་བཞིན་པར་སྦེལ་ཇམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྐྱོན་བརྗོད་གནང་འདུག

2023.04.26
རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་ཐེ་བྱུས་བྱེད་བཞིན་པར་སྦེལ་ཇམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྐྱོན་བརྗོད་གནང་འདུག སྦེལ་ཇམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་རྣམས་ཀྱི་བསྒྲགས་གཏམ་ངོ་བཤུས།
CTA

དེ་ཡང་སྦེལ་ཛིལ་(Brussels)་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༤བའི་ཚེས་༢༥ཉིན། ༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ཉིན། སྦེལ་ཇམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་(Els Van Hoof)་ལགས་དང་། ཚོགས་གཞོན་(Samuel Cogolati)་ལགས་རྣམ་གཉིས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་གནང་སྟེ། རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་གནང་བ་དང་མཉམ། བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་སྲོལ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཡིན་པ་ལྟར། སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དེ་ཡང་༧མགོན་པོ་གང་ཉིད་ཀྱི་རང་ཆས་སུ་གྲུབ་པའི་སྐུ་དབང་ཡིན་སྐོར་ནན་བརྗོད་གནང་འདུག
ད་དུང་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡པ་ད་ཆ་གང་དུ་ཡོད་མེད་དང་། ཁོང་གི་གནས་སྟངས་ཇི་ཡིན་རྒྱ་ནག་གཞུང་གིས་དཔང་རྟགས་དང་བཅས་པ་གསལ་བཤད་དགོས་པ་མ་ཟད། ཁོང་དང་ཡབ་ཡུམ་སྐུ་འཁོར་རྣམ་པ་ལྷན་རྒྱས་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པའི་ཐོག་ཁོང་ཚོའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རང་དབང་བཅས་ལ་ཚད་མཐོའི་རྒྱབ་སྐྱོར་ཡོད་པ་གསལ་བཏོན་གནང་འདུག
༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་ད་བར་ཨ་རིའི་གཞུང་དང་། ཡོ་རོབ་གྲོས་ཚོགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐོར་ཚོགས་པ། ཁེ་ན་ཌའི་གྲོས་ཚོགས་འོག་མ། སི་ལོ་ཝ་ཀི་ཡ་འཛིན་སྐྱོང་། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལ་སོགས་པས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག་པའི་གྲོས་ཆོད་བཞག་པ་དང་བསྒྲགས་གཏམ་སྤེལ་ཟིན་པ་དང་། དེ་མཚུངས་ཕྱི་ལོ་༢༠༢༢ཟླ་བ་༡༢ནང་རྒྱ་གར་ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དང་། ཕྱི་ལོ་༢༠༢༣ཟླ་བ་༡པོའི་ནང་ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་བཅས་ནས་ཀྱང་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་གྲོས་ཆོད་བཞག་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎