ཕྱི་འབྲེལ་དྲུང་ཆེར་དྭགས་པོ་བསོད་ནམས་ནོར་བུ་བསྐོ་བཞག
2014.08.01

བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་འབྲེལ་དྲུང་ཆེར་དྭགས་པོ་བསོད་ནམས་ནོར་བུ་བསྐོ་བཞག་གིས་ལས་དོན་གནང་འགོ་བཙུཊ་འདུག
དེ་ཡང་སྤྱི་ཟླ་༧པའི་ཚེས་༣༠ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་མཛད་སྒོ་ཞིག་ཚོགས་གནང་བའི་ནང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དྭགས་པོ་བསོད་ནམས་ནོར་བུ་ལགས་ཕྱི་འབྲེལ་དྲུང་ཆེ་གསར་པར་བསྐོ་བཞག་བྱུང་བ་དེར་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ནས་ཁོང་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་གནང་བ་སྦྲགས་ཁོང་གི་ལོ་རྒྱུས་ངོ་སྤྲོད་གནང་རྗེས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་གསུང་བཤད་གནང་འདུག དེ་རྗེས་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རང་ཉིད་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ཞུ་བསྒྲུབས་པའི་མྱོང་ཚོར་རྣམས་ངོ་སྤྲོད་གནང་ཡོད་པ་རེད།
དྭགས་པོ་བསོད་ནམས་ནོར་བུ་ལགས་ནི་ཕྱི་ལོ་ ༡༩༨༨ལོར་ལྡི་ལོ་སྐུ་ཚབ་དོན་གཅོད་ཀྱི་ཆབ་སྲིད་སྡེ་ཚན་གྱི་རྒན་དྲུང་དུ་ཐོག་མར་བསྐོ་བཞག་དང་། ཕྱི་ལོ་ ༡༩༩༠ ལོར་དྲུང་གཞོན་དུ་གནས་སྤར་ཐོག་བཀའ་དྲུང་ཡིག་ཚང་དུ་གནས་སྤོས་དང་ཕྱི་ལོ་༡༩༩༣ ལོར་ལས་འགན་རང་འཇགས་ཐོག་ཟུང་འབྲེལ་དྲུང་ཆེར་གནས་སྤར་གནང་ཡོད་འདུག ཕྱི་ལོ་ ༡༩༩༤ ལོར་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་གར་དང་ཕྱི་སྡོད་རྒྱ་རིགས་འབྲེལ་མཐུད་འགན་འཛིན་དུ་བསྐོ་བཞག་དང་ཕྱི་ལོ་ ༡༩༩༨ ལོར་གནས་རིམ་རང་འཇགས་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེར་བསྐོ་བཞག་བྱུང་ཡོད་འདུག ཡང་ཕྱི་ལོ་ ༡༩༩༩ ལོར་ཁོང་དྲུང་འཕར་དུ་གནས་སྤར་གྱིས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དང་ཕྱི་ལོ་ ༢༠༠༤ ལོར་དྲུང་ཆེར་གནས་སྤར་བྱུང་ཡོད་འདུག ཕྱི་ལོ་༢༠༠༩ ལོར་དྭགས་པོ་བསོད་ནམས་ནོར་བུ་ལགས་ཨིསི་ཀྲི་ལི་ཡའི་སྐུ་ཚབ་དོན་གཅོད་དུ་གནས་སྤོས་བསྐོ་བཞག་དང་ཕྱི་ལོ་ ༢༠༡༤ ཟླ་༧ ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེར་གནས་སྤོ་བྱུང་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།