བོད་ནང་དྲྭ་ལམ་ཆ་འཕྲིན་དོ་དམ་གྱི་ཁྲིམས་སྲོལ་གཏན་འབེབས་བྱས་བས་བོད་མིའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཉམས་ཞིབ་པས་གསུང་བྱུང་།

2023.01.31
བོད་ནང་དྲྭ་ལམ་ཆ་འཕྲིན་དོ་དམ་གྱི་ཁྲིམས་སྲོལ་གཏན་འབེབས་བྱས་བས་བོད་མིའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཉམས་ཞིབ་པས་གསུང་བྱུང་། རྒྱ་ནག་གཞུང་གིས་དྲྭ་ལམ་དམ་དྲག་གི་མཚོན་དོན་རི་མོ།
RFA

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གི་ཚོགས་འདུ་ཐེངས་༤༣པའི་ཐོག དྲྭ་རྒྱའི་ཆ་འཕྲིན་གྱི་དོ་དམ་ཁྲིམས་སྲོལ་ཟེར་བ་དོན་ཚན་༣༠ཡོད་པ་ཞིག་ན་ནིང་ཟླ་༡༢ཚེས་༩ཉིན་གཏན་འབེབས་བྱས་ཡོད་པ་དེ། འདི་ལོ་སྤྱི་ཟླ་༢པའི་ཚེས་༡ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་པའི་ནང་། དོན་ཚན་དང་པོར་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོབ་ཡོང་ཆེད། ཁ་བྲལ་ལ་ངོ་རྒོལ་དང་མི་རིགས་མཐུན་སྒྲིལ་གོང་སྤེལ་ལ་ཤུགས་གནོན། དྲ་ལམ་གྱི་ཆ་འཕྲིན་བདེ་འཇགས་ལ་འགན་སྲུང་དགོས་པ་སོགས་འཁོད་ཡོད་པའི་ཐད། བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མཚན་སྙན་དང་བདེ་འཇགས་ལ་གནོད་པ་ཟེར་བ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་སོགས་ལ་ཚད་གཞི་འཛིན་ས་གང་ཡང་མེད་པར། ཁྲིམས་ཀྱི་ངོ་བོའི་ཐོག་ནས་ཁྲིམས་མེད་ལུགས་མེད་བྱས་བསྡད་པ་ཞིག་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་ཁྲིམས་སྲོལ་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་། ལོ་རྒྱུས། སྐྱེ་དངོས་ཁོར་ཡུག རང་བྱུང་གི་ནུས་པའི་འབྱུང་ཁུངས་སོགས་ཀྱི་ཁྱབ་ཁོངས་ཀྱི་གནས་སྟངས་ལ་འཁྱོག་བཤད་དང་དམའ་འབེབས་བྱས་མི་ཆོག་པ་སོགས་འཁོད་ཡོད་པའི་ཐད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གི་ཁྲིམས་སྒྲིག་དེ་ཚོ་གསལ་ཁ་མེད་པར་འཛིན་བཟུང་དང་ཉེས་འཛུགས་བྱེད་སྟབས་ཧ་ཅང་བདེ་བོ་བཟོས་ཡོད་པར་བརྟེན། མ་འོངས་པར་བོད་མིའི་བདེ་འཇགས་ལ་ཤིན་ཏུ་ཉེན་ཁ་ཚ་བོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
དོན་ཚན་བཅུ་གཅིག་པའི་ནང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་གཏིང་སློག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱས་པ། རྒྱལ་ཁབ་ཁ་བྲལ་གཏོང་བ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་སོགས་དང་། ད་དུང་བོད་རང་བཙན་གྱི་སྒྲིག་འཛུགས་མཚོན་རྟགས་དང་མི་སྣའི་པར་རིས། གཏམ་བཤད། ལས་འགུལ། དེ་བཞིན་དེབ་རིགས་དང་ཟུར་ཟའི་རི་མོ། རོལ་དབྱངས། བརྙན་པར། རྩེད་མོའི་རིགས། ས་བཀྲ་སོགས་དྲིལ་བསྒྲགས་བྱས་པ་མཚོན། རྣམ་པ་འདྲ་མིན་གྱི་ལམ་ནས་ཁ་བྲལ་རིང་ལུགས་ཁྱབ་བསྒྲགས་དང་། ཁ་བྲལ་གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་མི་ཆོག་ཅེས་འཁོད་འདུག དེའི་ཐད་བོད་རང་བཙན་འཐབ་རྩོད་ཀྱི་ལྟ་བ་འཛིན་མཁན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་ལགས་ཀྱིས། རྒྱ་ནག་གཞུང་གིས་དྲྭ་རྒྱའི་བདེ་འཇགས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལུགས་གཉིས་ཁ་ལ་ཁུར་ཏེ། བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་གཏོང་བ་དང་གཞིས་བྱེས་བོད་མིའི་བར་དྲྭ་ལམ་གྱི་འབྲེལ་བ་འགོག་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཤིག་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་སྔོན་མ་ནས་བོད་མི་ཚོར་དྲག་གནོན་ཤུགས་ཆེ་བྱས་བསྡད་ཡོད་ནའང་། གཞིས་ལུས་བོད་མིའི་སེམས་ལ་འགྱུར་བ་ཕྱིན་མེད་པ་ལྟར། རྒྱ་ནག་གི་སྲིད་བྱུས་ཤིག་འགྱུར་བ་བཏང་ཙམ་གྱིས་མ་འོངས་པར་ཡང་བོད་མིའི་བསམ་བློ་ལ་འགྱུར་གཏོང་མི་ཐུབ་པར་ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཁྲིམས་སྲོལ་དེར་རྒྱལ་ཡོངས་ནང་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་བཀག་འགོག་དང་། རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་ཀྱི་གནས་སྟངས་ལ་འཁྱོག་བཤད་དང་དམའ་འབེབས་བྱས་པ། མི་རིགས་ཀྱི་འཁོན་འཛིན་དང་མི་རིགས་མཐོང་ཆུང་གི་ངན་སྐུལ་བྱས་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། ཆོས་ལུགས་ལས་དོན་གྱི་དོ་དམ་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས། ཆོས་ལུགས་ཀྱི་གནས་སྟངས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འབེབས་ལ་འཁྱོག་བཤད་དང་དམའ་འབེབས་བྱས་མི་ཆོག་པ་སོགས། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་རིམ་པ་ཁག་གི་གཞུང་གི་ལས་ཁུངས་དང་། ཚན་པ་ནས་མི་སྒེར་བར་དྲ་ལམ་བེད་སྤྱོད་ཐད་སྟངས་འཛིན་དོ་དམ་ཆེ་རུ་གཏོང་རྒྱུ་ཡིན་པ་འཁོད་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎