ལྷ་སར་ཁྱིམ་སྡོད་བཀག་རྒྱ་ཅུང་ཞི་ལྷོད་དུ་བཏང་ཡོད་ཀྱང་ལས་ཀར་འགྲོ་མི་ཆོག་པ་སོགས་མུ་མཐུད་དུ་དམ་དྲག་ཡོད་འདུག

2022.11.17
ལྷ་སར་ཁྱིམ་སྡོད་བཀག་རྒྱ་ཅུང་ཞི་ལྷོད་དུ་བཏང་ཡོད་ཀྱང་ལས་ཀར་འགྲོ་མི་ཆོག་པ་སོགས་མུ་མཐུད་དུ་དམ་དྲག་ཡོད་འདུག བོད་ཀྱི་རྒྱལ་ས་ལྷ་སར་སྲང་ལམ་ཁག་དུ་ལྟ་ཞིབ་བྱེད་བཞིན་པ། ༡༡།༢༠༢༢
འོད་ཟེར་ལགས་ཀྱི་ངོ་དེབ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༡།༡༧ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༨༡༥ ༡༨༨༡༧

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༡།༡༦ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༨༠༤ ༡༡ ༡༨༨༡༥

ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཁྱིམ་སྡོད་བཀག་རྒྱ་ཞི་ལྷོད་དུ་བཏང་ནས། མི་མང་གི་ལས་ཀ་སོགས་སླར་གསོ་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་བྱེད་བཞིན་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྔར་བས་ཇེ་ལེགས་སུ་བཏང་ནས་ལོགས་བཀར་ཉིན་གྲངས་ཇེ་ཉུང་དང་། ཉེན་ཁ་ཆེ་འབྲིང་ལས་འབྲིང་ཁུལ་གྱི་བཀག་སྡོམ་དོར་རྒྱུ། ཕྱི་ནས་ཡོང་མཁན་ཚོ་ལོགས་བཀར་བྱ་མི་དགོས་པ་སོགས་བརྗོད་བཞིན་ཡོད། ཡིན་ན་ཡང་བོད་ནས་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ན། བོད་ཀྱི་རྒྱལ་ས་ལྷ་སའི་ས་ཁུལ་ཁག་ཅིག་གི་ཁྱིམ་སྡོད་བཀག་རྒྱ་ཅུང་ཞི་ལྷོད་དུ་བཏང་ཡོད་ཀྱང་མུ་མཐུད་དམ་དྲག་འོག་མི་མང་ལས་ཀར་འགྲོ་མི་ཆོག་པ་དང་། ལྷ་ས་གྲོང་ཁྱེར་ཀྱི་ས་ཁུལ་ཁག་ཅིག་དང་སྟོད་ལུང་སོགས་ད་དུང་ཡང་སྔར་བཞིན་ཁྱིམ་སྡོད་བཀག་རྒྱའི་འོག་ཡོད་པས། མི་མང་ལ་ཟས་གོས་ཉོ་བྱེད་ཀྱི་དཔལ་འབྱོར་ཡོང་ཁུངས་མེད་པའི་དཀའ་ངལ་རིམ་པར་འཕྲད་བཞིན་ཡོད་པ་བརྗོད་བྱུང་།
ད་དུང་ཁོང་གིས། བཀག་སྡོམ་འོག་ཡོད་པའི་ས་ཁུལ་དེ་དག་ནི་ལྷ་ས་གྲོང་ཁྱེར་གྱི་འབྲས་སྤུངས་དགོན་པའི་ཉེ་འདབས་ཀྱི་སྡོད་ཁུལ་དང་། སྟོད་ལུང་གདོང་དཀར་ཁུལ་དུ་གནས་སྡོད་བྱས་ཡོད་པའི་མི་མང་ཚོ་བཅས་ཡིན་པ་མ་ཟད། ཉེ་སྔོན་རིམས་ནད་ཁྱབ་གདལ་ཤུགས་ཆེ་བའི་སྐབས་ནད་རྟགས་ཡོད་མེད་ཚང་མ་རླངས་འཁོར་ནང་བཅུག་སྟེ་ཟུར་བཀག་ཁང་ནང་མུ་མཐུད་དུ་ཁྲིད་བཞིན་ཡོད་པ་དང་། ལྷ་ས་གྲོང་ཁྱེར་ནང་ཁྱིམ་སྡོད་བཀག་རྒྱ་ཞི་ལྷོད་དུ་བཏང་ཡོད་སྐོར་བརྗོད་པ་ཙམ་ལས། དོན་དངོས་སོ་སོའི་ཉེ་འགྲམ་གྱི་ཚོང་ཁང་ལ་འགྲོ་བ་ལས། ཐག་རིང་ལ་འགྲུལ་བསྐྱོད་བྱེད་མི་ཆོག་པ་དང་། ལས་ཀར་འགྲོ་འཇུག་གི་མེད་པས། ས་གནས་ཡུལ་མི་ཚོའི་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་པ་བརྗོད་བྱུང་། ཡིན་ན་ཡང་རྒྱ་ནག་གཞུང་ཕྱོགས་ནས་ད་ལྟའི་ཆར། ལྷ་ས་གྲོང་ཁྱེར་དུ་མི་མང་འགྲོ་བསྐྱོད་ཆེད་རླངས་འཁོར་རིགས་ཀྱི་ལས་འགོ་ཚུགས་ཡོད་སྐོར་བསྒྲགས་འདུག
འདི་ཚེས་༡༡ཉིན་རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་སྲིད་ཇུས་ལ་འགྱུར་བ་བཏང་མིན་ཁ་གསལ་བྱས་མེད་ཀྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བའི་ཏོག་དབྱིབས་ནད་ཡམས་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས། ཏོག་དབྱིབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྔར་བས་ཇེ་ལེགས་སུ་བཏང་ནས། ཚན་རིག་དང་མཐུན་པའི་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བསྐྱར་བཅོས་བྱེད་ཐབས་དོན་ཚན་ཉི་ཤུ་ཡོངས་བསྒྲགས་བྱས་ཡོད་པའི་ནང་། གཅིག་སྡུད་ལོགས་བཀར་དེ་ཁྱིམ་སྡོད་ལོགས་བཀར་དུ་བསྒྱུར་བ་དང་། ལོགས་བཀར་ཉིན་གྲངས་ཇེ་ཉུང་དུ་བཏང་བ། ནད་པ་དང་ཐད་འབྲེལ་ལས་བརྒྱུད་འབྲེལ་ཟུར་བཀག་མི་བྱེད་པ། ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ནས་ཡོང་བའི་མི་རྣམས་གཅིག་བསྡུས་ལོགས་བཀར་བྱ་རྒྱུ་མིན་པར། ཁྱིམ་དུ་ལོགས་བཀར་བྱ་རྒྱུ། ཉེན་ཁ་ཆེ་འབྲིང་ལས་འབྲིང་ཁུལ་གྱི་བཀག་སྡོམ་དོར་རྒྱུ། སྔོན་ལྟར་ས་ཁུལ་སྤྱི་ཡོངས་བྱས་ནས་མི་ཚང་མར་ནས་ཡམས་བརྟག་བཤེར་བྱེད་མཚམས་འཇོག་རྒྱུ། ཕྱིའི་རྒྱལ་ཁབ་ཀྱི་མཁའ་འགྲུལ་སྒོ་ཕྱེ་རྒྱུ། ཕྱི་ནས་ཡོང་མཁན་ཚོ་ལོགས་བཀར་བྱ་མི་དགོས་པ། རྒྱུག་པ་ལེབ་རྡུང་དང་། འཁྲི་འགན་རིམ་སྣོན་གྱི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སློབ་གྲྭ་གང་བྱུང་དུ་བཀག་སྡོམ་བྱེད་པ་དང་། བཀག་སྡོམ་བྱེད་པའི་དུས་ཚོད་ཆེས་རིང་བ་སོགས་ཀྱི་གནད་དོན་མངོན་གསལ་ཅན་རེ་རེ་བཞིན་ཞིབ་བཤེར་བྱ་དགོས་པར་མ་ཟད། བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་རྒྱུ། ས་ཆ་གང་སར་བཀག་སྡོམ་འོག་ལུས་ཡོད་པའི་མི་ཚོ་སོ་སོའི་རང་གནས་སུ་ལོག་ཐུབ་པ་བཟོ་དགོས་བ་དང་། རང་མི་ཕྱིར་ལོག་པར་དང་ལེན་བྱེད་དགོས་བ་སོགས་དོན་ཚན་༢༠བསྒྲགས་འདུག
གཞན་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ནང་། འདི་ཚེས་༡༧ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་མཁན་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པའི་ནད་པ་༢ཐོན་པ་ལྷ་ས་གྲོང་ཁྱེར་དུ་༡དང་། མངའ་རིས་ས་ཁུལ་དུ་༡བཅས་འཕར་འདུག དེའི་སྔར་ཉིན་ཚེས་༡༦ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་ནད་རྟགས་ཅན་༥དང་ནད་རྟགས་མ་མངོན་པ་༦བཅས་མང་དུ་ཕྱིན་པ་དང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་༡༣ཡོད་པ་བསྒྲགས་འདུག་པ་ལྟར། འདི་ཚེས་༡༧གྱི་ཉིན་རྒྱབ་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ད་བར་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༨༡༧ཟིན་འདུག ཡིན་ན་ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས་རྒྱ་ནག་གི་གཞུང་འབྲེལ་རིམས་ནད་ཀྱི་གནས་ཚུལ་དང་གྲངས་འབོར་དེ་དག་ནི་རྫུན་མ་ཡིན་པ་དང་། ཞིབ་ཕྲ་གང་ཡང་མེད་པ་རེད། གཞུང་ཕྱོགས་ཀྱི་གནས་ཚུལ་གོ་ཐོས་ལ་གཞིགས་ན། ལྷ་ས་གྲོང་ཁྱེར་ནང་མི་གྲངས་ཁྲི་༤༦༠ལྷག་ཡོད་ཀྱང་། རིམས་ནད་དང་འབྲེལ་ནད་རྟགས་ཡོད་མེད་གཉིས་ཀ་མི་གྲངས་འབུམ་གཅིག་དང་ཁྲི་བཞི་ལྷག་ཟུར་བཀག་ཁང་ཟེར་བའི་ནང་ཁྲིད་ཡོད་སྐོར་བཤད་ན་ཡང་། དོན་དངོས་དེ་ལས་མང་བ་ཁྲིད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
གཞན་ད་སྐབས་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ། བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༡༧ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༥༤༩གསར་དུ་འཕར་བ་དང་། ཚེས་༡༦ཉིན་༤༦༡འཕར་ཡོད་པ་རྣམས་གཏན་འཁེལ་སྨན་ཁང་དུ་བསྐྱལ་ཟིན་པ། ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་ལས་ཁུངས་ཀྱིས་བསྒྲགས་འདུག ཡིན་ན་ཡང་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་སོགས་ས་གནས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་སྤེལ་མི་འདུག

ཡང་རོའུ་ཊར་གསར་ལས་ཁང་གིས་ཧྲང་ཧེ་ནས་གནས་ཚུལ་སྤེལ་བའི་ནང་། འདི་ཚེས་༡༥ཉིན་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཁྲི་གཉིས་ལྷག་གསར་དུ་འཕར་བ་དང་། དེའི་ཐོག་ཕྱི་ཚེས་༡༦ཉིན་ཁྲི་གཉིས་དང་སུམ་སྟོང་ལྷག་འཕར་བ་ནི་རྒྱ་ནག་ནང་ཉིན་གཅིག་ནང་ནད་པའི་གྲངས་ཀ་འཕར་བ་མང་ཤོས་ཆགས་ཀྱི་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལུངས་དྲངས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎