བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཉིན་གྲངས་༨༦རིང་ཁྱིམ་སྡོད་བཀག་རྒྱ་བསྡམས་རྗེས་རིམ་པས་གློད་འགོ་ཚུགས་འདུག
ཉེ་བའི་ཟླ་བ་གཉིས་ལྷག་རིང་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས། བོད་ཀྱི་ས་ཁུལ་གང་སར་ཉིན་ལྟར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས། འདི་ཚེས་༧བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༦༩༢ཟིན་འདུག་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འདི་ཚེས་༦བར་ཉིན་གྲངས་༨༦འགོར་བའི་རྗེས་གཞི་ནས་ལྷ་སའི་ནང་གི་ས་གནས་ཁག་མང་པོའི་ཁྱིམ་སྡོད་བཀག་རྒྱ་གློད་འགོ་ཚུགས་འདུག
བོད་ནས་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་ན། ད་ཆ་ལྷ་ས་གྲོང་ཁྱེར་གྱི་མི་མང་སྡོད་ཁུལ་མང་པོའི་ཁྱིམ་སྡོད་བཀག་རྒྱ་ལྷོད་འགོ་ཚུགས་ནས་ལྕགས་ལེབ་དང་པང་ལེབ་ཀྱིས་ཐོན་སྒོ་བཀག་ཡོད་པ་ཚང་མ་བླངས་ཡོད་པ་དང་། ཕྱི་ལ་བསྐྱོད་པར་དམིགས་བསལ་གྱི་ལག་འཁྱེར་གང་ཡང་ཞུ་དགོས་ཀྱི་མི་འདུག ཡིན་ཡང་ཉིན་ལྟར་ནད་ཡམས་ཡོད་མེད་བརྟག་དཔྱད་བྱེད་དགོས་ཀྱི་འདུག་ཟེར། དེའི་ཐད་རྩོམ་པ་པོ་འོད་ཟེར་ལག་ཀྱིས་སྤྱི་ཚོགས་དྲྭ་ལམ་ཐོག་ལྷ་སའི་ཁྱིམ་སྡོད་བཀག་རྒྱ་གློད་པ་འདྲ། ལྷ་སའི་བར་སྐོར་སོགས་ཕྱི་རུ་བསྐྱོད་ཆོག་གི་འདུག ཡིན་ན་ཡང་སྲང་ལམ་ཁག་ན་མི་ཧ་ཅང་ཉུང་ཉུང་ལས་མི་འདུག དེ་བས་མི་མང་པོར་བཀག་རྒྱ་དེ་ཡོངས་སུ་གློད་ཡོད་ན་སྙམ་པའི་དྲི་བ་ཡོང་བཞིན་པ་བྲིས་འདུག
རྒྱ་ནག་གི་གཞུང་འབྲེལ་གྱི་གསལ་བསྒྲགས་ནང་། འདི་ཚེས་༧ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་མཁན་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པ་༡ཐོན་པ་དེ་ལྷ་ས་གྲོང་ཁྱེར་དུ་ཡོད་པ་དང་། དེའི་སྔར་ཉིན་ཚེས་༦ཉིན་གྱི་ཆུ་ཚོད་༢༤རིང་ནད་པ་༧ཐོན་ཡོད་འདུག
གཞན་ད་སྐབས་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ། བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༧ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༧༠གསར་དུ་འཕར་ནས་གཏན་འཁེལ་སྨན་ཁང་དུ་བསྐྱལ་ཟིན་པ་ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་ལས་ཁུངས་ཀྱིས་བསྒྲགས་འདུག་ལ། དེ་བཞིན་ཡུལ་ཤུལ་གྲོང་ཁྱེར་གྱི་ས་ཁོངས་གཙོ་བོ་གསུམ་ནས་ནད་པ་༣༡གསར་དུ་འཕར་བ་ཤེས་རྟོགས་བྱུང་ནས་ཚང་མ་དམིགས་བཙུགས་སྨན་བཅོས་ཁུལ་དུ་བསྐྱེལ་ཟིན་པ་བསྒྲགས་འདུག ཡིན་ཡང་ཁྱིམ་སྡོད་བཀག་རྒྱ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་སྤེལ་མི་འདུག
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།