ཟི་ལིང་དུ་ནད་པ་༤༥འཕར་བ་དང་ལྷ་སའི་ཁྱིམ་སྡོད་བཀག་རྒྱ་ད་དུང་གློད་མི་འདུག

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༡།༠༢ཉིན་རྒྱབ་བར།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༨༦༦༦ | ༡ | ༠ | ༡ | ༡༨༦༦༧ |
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༡།༠༡ཉིན།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༨༦༦༡ | ༥ | ༠ | ༥ | ༡༨༦༦༦ |
བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་དུ་ནད་པ་༤༥འཕར་བ་དང་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་༨༢འགོར་ཡང་ད་དུང་བཀག་རྒྱ་གློད་མི་འདུག
ཉེ་བའི་ཟླ་བ་གཉིས་ལྷག་རིང་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས། བོད་ཀྱི་ས་ཁུལ་གང་སར་ཉིན་ལྟར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས། འདི་ཚེས་༢བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༦༦༧ ཟིན་འདུག་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འདི་ཚེས་༢བར་ཉིན་གྲངས་༨༢ཕྱིན་ཡོད།
རྒྱ་ནག་གི་གཞུང་འབྲེལ་གྱི་གསལ་བསྒྲགས་ནང་། འདི་ཚེས་༢ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་མཁན་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པ་༡ཐོན་པ་དེ་ལྷ་ས་གྲོང་ཁྱེར་དུ་ཡོད་པ་དང་། དེའི་སྔར་ཉིན་ཚེས་༡ཉིན་གྱི་ཆུ་ཚོད་༢༤རིང་ནད་པ་༥ཐོན་ཡོད་འདུག
གཞན་ཟླ་༡༠བའི་ཚེས་༣༡ཉིན་ད་སྐབས་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ། བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་མ་མངོན་པའི་ནད་པ་༤༥གསར་དུ་འཕར་ནས་གཏན་འཁེལ་སྨན་ཁང་དུ་བསྐྱལ་ཟིན་པ་ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་ལས་ཁུངས་ཀྱིས་བསྒྲགས་འདུག ཡིན་ཡང་ཁྱིམ་སྡོད་བཀག་རྒྱ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་སྤེལ་མི་འདུག
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།