བོད་ནང་ཁྱིམ་སྡོད་བཀག་རྒྱའི་དམ་དྲག་འོག་སྨན་བཅོས་མ་རག་པར་མི་གྲོངས་བཞིན་པའི་གནས་ཚུལ་ཡོད་འདུག

ལྷ་སར་ཟླ་གཉིས་ལྷག་རིང་ཁྱིམ་སྡོད་བཀག་རྒྱ་བསྡམས་མུས་འོག་བོད་མི་དེ་སྔ་ན་ཚ་རྙིང་པ་ཡོད་མཁན་ཚོས་སྨན་བཅོས་མ་ཐུབ་པ་དང་ཟ་མ་ཡག་པོ་མེད་པ་བཅས་ཀྱི་རྐྱེན་མི་འདས་གྲོངས་སུ་འགྲོ་བཞིན་ཡོད་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་༨པའི་འགོ་སྟོད་ནས་བཟུང་། བོད་ཀྱི་ས་ཁུལ་མང་པོའི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ་ནས། ས་ཁུལ་མང་པོར་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་ལྟར། བོད་ཀྱི་རྒྱལ་ས་ལྷ་སར་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ད་བར་ཉིན་གྲངས་༦༩འགོར་ཡོད་པ་དང་། དེའི་རིང་རྒྱ་ནག་གཞུང་གིས་གང་ཐད་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པའི་གནས་སྟངས་འོག ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ཐོག དེ་སྔ་ན་ཚ་གཞན་པ་ཡོད་མཁན་ཚོས་དུས་ཐོག་སྨན་པར་བསྟེན་གཏུག་བྱེད་མི་ཐུབ་པ་དང་། བཀག་སྡོམ་འོག་ཟ་མ་ཡག་པོ་མ་རག་པ་སོགས་ཀྱི་རྐྱེན་མི་འདས་གྲོངས་སུ་འགྲོ་བཞིན་པའི་གནས་ཚུལ་ཡོད་པ་བོད་ནས་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་དེས་གསུང་ན། རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་འཚོགས་བཞིན་པ་དང་བསྟུན།ལྷ་སར་མི་སུ་གཅིག་ཀྱང་ཕྱི་རུ་འགྲོ་སྐྱོད་བྱེད་འཇུག་གི་མེད་པར་སྔར་ལས་ལྷག་དམ་དྲག་ཆེ་རུ་ཕྱིན་ཡོད་པ་དང་། ཉིན་ཤས་སྔོན་སྟོད་ལུང་ཕྱོགས་སུ་མི་གཅིག་ན་ཚ་རྙིང་བ་ཡོད་པ་དུས་ཐོག་སྨན་བཅོས་མ་ཐུབ་པར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེའི་ཐོག་ཕུང་པོ་དུར་ཁྲོད་དུ་སྐྱེལ་མ་བཅུག་པའི་དཀའ་ངལ་འཕྲད་ཡོད་པ་དང་། ལྷ་ས་གྲོང་ཁྱེར་ནང་རྒན་རྒོན་དང་བྱིས་པ་ཚོ་གཅིག་པུར་ཟུར་བཀག་བྱེད་བཅུག་པས། འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་གོ་རྒྱུ་ཡོད་པ་ངོ་སྤྲོད་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་འདས་གྲོངས་ཕྱིན་པའི་གནས་ཚུལ་ཁག་དྲ་ལམ་དུ་སྤེལ་མཁན་ཚོར་ཟིང་འཁྲུག་སློང་བཞིན་ཡོད་སྐོར་བརྗོད་ནས་འཇིགས་སྐུལ་བྱེད་བཞིན་ཡོད་པ་བརྗོད་བྱུང་།
ད་ལྟའི་ཆར་གནས་སྟངས་དེའི་འོག་འདས་གྲོངས་སུ་ཕྱིན་པའི་ཁ་གྲངས་དང་། མི་སྣ་དེ་དག་གི་མིང་ན་ཚ་གང་གི་རྐྱེན་གྲོངས་པ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག
འབྲེལ་ཡོད་བོད་མི་གཞན་ཞིག་གིས་བརྗོད་ན། དམ་དྲག་གནས་སྟངས་འོག་བོད་མི་འདས་གྲོངས་སུ་ཕྱིན་པ་ཚོའི་ཕུང་པོར་བདག་པོ་མེད་པར་ཉིན་གྲངས་མང་པོར་ལྷག་བཞིན་ཡོད་པ་དང་། གནས་ཚུལ་དེ་རིགས་དྲྭ་ལམ་ཁག་ཏུ་བཀག་བསྡོམས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། ཉེ་སྔོན་དྲྭ་ལམ་དུ་ལྷ་སའི་ཛ་དྲག་གནས་ཚུལ་སྤེལ་མཁན་རིགས་བཀག་ཉར་འདྲི་རྩད་བྱེད་བཞིན་པ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་ངོས་ནས་ད་བར་བོད་ནང་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་འདས་གྲོངས་སོང་བའི་གནས་ཚུལ་སྤེལ་བ་མཐོང་རྒྱུ་མེད་པ་དང་། ཉེ་སྔོན་ཕྱི་ཟླ་༩ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་ལྷ་སའི་སྟོད་ལུང་བདེ་ཆེན་ནས་མི་གཅིག་དང་། རྒྱང་རྩེ་ནས་གཅིག དེ་བཞིན་གཞིས་ཀ་རྩེ་ནས་མི་གཅིག་བཅས་ཁྱོན་མི་གསུམ་འདས་གྲོངས་སུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་བ་བཞིན། རྗེས་སུ་རྒྱ་ནག་གཞུང་གིས་གཞིས་རྩེ་ནས་འདས་གྲོངས་སོང་བའི་ནང་མིར་གནས་ཚུལ་ཕྱི་ལ་སྤྲད་པ་དང་། གནད་དོན་དེས་ས་གནས་སྲིད་གཞུང་ལ་ཞབས་འདྲེན་བྱས་སྐོར་བརྗོད་ནས་འདྲི་རྩད་དང་། རྗེས་སུ་གནས་ཚུལ་དེ་རིགས་བྱུང་ན་འཛིན་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་སོགས་བྱས་ཡོད་འདུག
རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ལྟར་ན། འདི་ཚེས་༢༠ཉིན། ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པའི་ནད་པ་༤མང་དུ་ཕྱིན་ཡོད་པ་དང་། གཞན་དེའི་སྔར་ཉིན་སྤྱི་ཚེས་༡༩ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༡དང་། ནད་རྟགས་མེད་པའི་ནད་པ་༢མང་དུ་ཕྱིན་ཡོད་པ་བསྒྲགས་འདུག་པ་ལྟར། ནད་ཡམས་འགོས་ཁྱབ་བྱུང་བ་ནས་བསྡོམས་རྩིས་བྱས་ན་འདི་ཚེས་༢༠ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༨༦༠༤ཟིན་འདུག་ལ། ད་དུང་ཡང་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་འབྲིང་ཁུལ་ས་གནས་ཁག་༡ཡོད་པ་བསྒྲགས་འདུག
གནས་སྟངས་དེའི་འོག་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འདི་ཚེས་༢༠བར་ཉིན་གྲངས་༦༩འགོར་ཡོད་ཀྱང་ད་དུང་བཀག་རྒྱ་ཡོངས་སུ་གློད་མེད་པ་རེད།
གཞན་སྤྱི་ཚེས་༢༠ཉིན་(RTR)་གསར་འགྱུར་ཁང་གིས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༡༠བའི་ཚེས་༡༩ཉིན་རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༩༦༢ཇེ་མང་དུ་སོང་ཡོད་པ་དང་། དེ་དག་གི་གྲས་སུ་ནད་རྟགས་ཡོད་པའི་ནད་པ་༢༡༡དང་ནད་རྟགས་མེད་པའི་ནད་པ་༧༥༡ཡོད་པ་རྒྱ་ནག་དབུས་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་རེས་གཟའ་ཕུར་བུའི་ཉིན་བསྒྲགས་ཡོད་པ་ལུངས་འདྲེན་བྱས་འདུག
སྤྱི་ཚེས་༡༨ཉིན་རྒྱ་ནག་ནང་ཁྱོན་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༩༩༦ཐོན་ཡོད་པ་དང་། དེ་དག་ལས་ནད་རྟགས་ཡོད་མཁན་༢༤༧དང་ནད་རྟགས་མེད་མཁན་༧༤༩ཡིན་པ་བཅས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་ཐོ་ལྟར་ན། སྤྱི་ཚེས་༡༩བར་དུ་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་སྡོམ་འབོར་༢༥༦༧༢༦ཟིན་པ་དང་། དེ་དག་ལས་མི་གྲངས་༥༢༢༦འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་སྤེལ་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།