ཚེས་བཅུ་བཞི་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༧༢ཐོན་འདུག

2022.09.14
ཚེས་བཅུ་བཞི་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༧༢ཐོན་འདུག ལྷ་སར་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་ཟུར་བཀག་ཁང་ཞིག་གི་ནང་། ༠༩།༢༠༢༢
སྤྱི་ཚོགས་དྲ་ལམ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༡༤ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༦༡༥༧ ༧༢ ༦༩ ༡༦༢༢༩

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༡༣ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༥༠༢༠ ༡༣༧ ༡༢༩ ༡༦༡༥༧

འདི་ཚེས་༡༤ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༧༢འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༦༢༢༩ཟིན་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་ཡོད་འདུག
རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༡༤ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ནད་རྟགས་ཅན་༣ཐོན་པ་ལྷ་ས་གྲོང་ཁྱེར་ནས་ཡིན་པ་དང་། ནད་རྟགས་མི་མངོན་པའི་ནད་པ་༦༩མང་དུ་ཕྱིན་པའི་ཁྲོད་ནས། ལྷ་ས་གྲོང་ཁྱེར་དུ་༤༩དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡༩། ནག་ཆུ་གྲོང་ཁྱེར་དུ་༡བཅས་ཐོན་ཡོད་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༡༣ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༨མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༡༢༩མང་དུ་ཕྱིན་ཡོད་པ་ནས་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་བདུན་པའི་ཐོག་བསྒྲགས་འདུག་པ་ལྟར། ནད་ཡམས་འགོས་ཁྱབ་བྱུང་བ་ནས་བསྡོམས་རྩིས་བྱས་ན་འདི་ཚེས་༡༤ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༦༢༢༩ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། འདི་ཚེས་༡༤ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༡༣༥དང་། ཉེན་ཁ་འབྲིང་ཁུལ་༡༠༤ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་མང་པོ་མུ་མཐུད་དུ་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
བོད་ཀྱི་རྒྱལ་ས་ལྷ་ས་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བའི་ནང་། དེང་སྐབས་ཏོག་དབྱིབས་ནད་ཡམས་ཡོད་མིན་ལ་མ་བལྟོས་པར་རྒྱལ་ས་ལྷ་སའི་མི་མང་སྡོད་ཁུལ་ཁག་སོ་སོའི་ནང་ཡོད་པའི་བོད་མི་མང་པོ་ཟུར་བཀག་བྱེད་དགོས་ཚུལ་བཤད་ནས་བཙན་ཁྲིད་ཀྱིས་ཟུར་བཀག་བྱེད་བཞིན་ཡོད་པ་དང་། ཟུར་བཀག་དང་ཁྱིམ་སྡོད་བཀག་རྒྱུའི་འོག་ནས་གཞི་རིམ་མི་མང་ལ་ཕྱོགས་འདྲ་མིན་ནས་དཀའ་ངལ་འཕྲད་བཞིན་པ་གསུངས་བྱུང་།
ལྷ་ས་གྲོང་ཁྱེར་ནང་ཁྱིམ་སྡོད་བཀའ་རྒྱ་བསྡམས་ནས་ཉིན་གྲངས་༣༣འགྲོ་བཞིན་པ་དང་། སྤྱི་ཚོགས་བརྒྱུད་ལམ་ཁག་ནང་ཟུར་བཀག་དང་ཁྱིམ་སྡོད་བཀག་རྒྱའི་འོག་གཞུང་གིས་ལྟ་རྟོགས་ཡག་པོ་མི་བྱེད་པ་དང་། ནད་རྟགས་ཡོད་མེད་ཚང་མ་ཅ་དངོས་འཇོག་སའི་ཁང་ཆེན་ནང་ཟུར་བཀག་བྱེད་པ། ཟ་མ་རྙིང་པ་སྤྲོད་པ་སོགས་མི་མང་གིས་བསམ་འཆར་འདོན་བཞིན་པའི་བརྙན་པར་ཡང་མང་པོ་མཐོང་རྒྱུ་འདུག
དེ་ལྟར་དེང་སང་རྒྱ་ནག་སྤྱི་དང་བྱེ་བྲག་བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ཀྱི་ས་ཁུལ་ཁག་ཏུ་(Covid-19)་ཏོག་དབྱིབས་རིམས་ནད་དང་རྣམ་པ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན། ས་གནས་གང་སར་ཕྱོགས་འདྲ་མིན་ནས་དམ་དྲག་དང་བཀག་སྡོམ་བྱས་ཡོད་རྐྱེན། ཁ་གསལ་ཡོད་མིན་ལ་མ་བལྟོས་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་བཏོན་པ་ཙམ་ལས། དོན་དངོས་བོད་ཀྱི་ས་ཁུལ་སྤྱི་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་གྲངས་འབོར་དང་དངོས་ཡོད་གནས་སྟངས་གསལ་བོ་རག་ཁག་པོ་ཡོད་པ་རེད།

གསར་འགོད་པ། དབྱངས་སྒྲོན། ཀླུ་འབུམ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎