ཚེས་དགུ་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༡༡༧ཐོན་འདུག

2022.09.09
ཚེས་དགུ་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༡༡༧ཐོན་འདུག ལྷ་སའི་སྐྱིད་ཆུ་འགྲམ་གྱི་ཡུལ་མི་སྡོད་ཁུལ་དུ་ནད་ཡམས་ཉེན་ཁ་ཆེ་བའི་ས་ཁུལ་དུ་དབྱེ་ཡོད་པའི་སྐབས། ༠༨།༢༠༢༢
སྤྱི་ཚོགས་དྲ་ལམ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༩ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༤༩༩༥ ༡༡༧ ༡༡༢ ༡༥༡༡༢

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༨ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༤༦༢༨ ༣༦༧ ༢༠ ༣༤༧ ༡༤༩༩༥

རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༩ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ནད་རྟགས་ཅན་༥མང་དུ་ཕྱིན་པ་དེ་དག་ལྷ་ས་གྲོང་ཁྱེར་དུ་༢དང་། ཆབ་མདོ་གྲོང་ཁྱེར་དུ་༣བཅས་ཐོན་ཡོད་པ་དང་། ནད་རྟགས་མི་མངོན་པའི་ནད་པ་༡༡༢མང་དུ་ཕྱིན་པའི་ཁྲོད་ནས། ལྷ་ས་གྲོང་ཁྱེར་དུ་༥༤དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༢༦། ལྷོ་ཁ་གྲོང་ཁྱེར་དུ་༣། ཆབ་མདོ་གྲོང་ཁྱེར་དུ་༢། ནག་ཆུ་གྲོང་ཁྱེར་དུ་༢༠། མངའ་རིས་ས་ཁུལ་དུ་༧བཅས་ཐོན་ཡོད་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༨ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༢༠མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༣༤༧མང་དུ་ཕྱིན་ཡོད་པ་ནས་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་བསྒྲགས་འདུག་པ་ལྟར། ནད་ཡམས་འགོས་ཁྱབ་བྱུང་བ་ནས་བསྡོམས་རྩིས་བྱས་ན་འདི་ཚེས་༩ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༥༡༡༢ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་དང་། ཚེས་༩ཉིན་ཉིང་ཁྲི་གྲོང་ཁྱེར་དུ་རིམས་ནད་སྐབས་བསྟུན་གཙང་བཟོ་ཐུབ་ནས་འགྲོ་བསྐྱོད་བཀག་སྡོམ་གློད་ཟིན་པ་ཡང་བསྒྲགས་འདུག
ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། འདི་ཚེས་༩ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༢༨༦དང་། ཉེན་ཁ་འབྲིང་ཁུལ་༢༢༦ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་ཁྲི་ཚོ་བརྒལ་བ་ད་དུང་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
གཞན་བོད་མི་མང་པོ་གནས་སྡོད་བྱས་ཡོད་པ་དང་ཁྱོན་མི་གྲངས་ས་ཡ་༢༡ཙམ་ཡོད་པའི་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་རྐྱེན་ཉེ་ལམ་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་མུ་མཐུད་དུ་དུས་ཡུན་ཕར་འགྱངས་བྱས་ཡོད་པ་སྤྱི་ཚེས་༨་ཉིན་པེ་ཅིན་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར། སྤྱི་ཚེས་༨ཉིན་ཁྲིན་ཏུའུ་རུ་ནད་པ་༧༡མང་དུ་ཕྱིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་བསྒྲགས་འདུག
གཞན་ཉེ་ཆར་ས་འགུལ་བརྒྱབ་ཡུལ་གཡག་རྔ་ལའང་ནད་པ་གཅིག་ཐོན་ཡོད་པ་དང་། རྔ་བ་ཁུལ་ནང་སྤྱི་ཚེས་༨ཉིན་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་པ་༩བྱུང་ནས་ཁྱོན་ནད་པ་མི་གྲངས་༡༨༧ལོགས་བཀར་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག
སྤྱི་ཚེས་༨ཉིན་ཡུལ་ཤུལ་ཁུལ་དུ་ཁྱོན་ནད་པ་༦བྱུང་ཡོད་འདུག་པ་དང་། ཚང་མ་ནང་ཆེན་རྫོང་གི་གཅིག་བསྡུས་ཟུར་བཀག་དོ་དམ་ཁང་ནས་ཐོན་ཡོད་པ་བརྗོད་འདུག
དེ་ལྟར་དེང་སང་རྒྱ་ནག་སྤྱི་དང་བྱེ་བྲག་བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ཀྱི་ས་ཁུལ་ཁག་ཏུ་(Covid-19)་ཏོག་དབྱིབས་རིམས་ནད་དང་རྣམ་པ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན། ས་གནས་གང་སར་ཕྱོགས་འདྲ་མིན་ནས་དམ་དྲག་དང་བཀག་སྡོམ་བྱས་ཡོད་རྐྱེན། ཁ་གསལ་ཡོད་མིན་ལ་མ་བལྟོས་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་བཏོན་པ་ཙམ་ལས། དོན་དངོས་བོད་ཀྱི་ས་ཁུལ་སྤྱི་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་གྲངས་འབོར་དང་དངོས་ཡོད་གནས་སྟངས་ཁ་གསལ་རག་རྒྱུ་ཁག་པོ་ཡོད་པ་རེད།

གསར་འགོད་པ། གུ་རུ་ཆོས་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎