ཚེས་བརྒྱད་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༡༣༥ཐོན་འདུག
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༨ཉིན་རྒྱབ་བར།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༤༦༢༨ | ༡༣༥ | ༨ | ༡༢༧ | ༡༤༧༦༣ |
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༧ཉིན།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༤༢༢༢ | ༤༠༦ | ༡༨ | ༣༨༨ | ༡༤༦༢༨ |
འདི་ཚེས་༨ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༣༥འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༤༧༦༣ཟིན་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་ཡོད་འདུག
རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༨ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ནད་རྟགས་ཅན་༨མང་དུ་ཕྱིན་པ་དེ་དག་ལྷ་ས་གྲོང་ཁྱེར་དུ་༤དང་། ཆབ་མདོ་གྲོང་ཁྱེར་དུ་༤བཅས་ཐོན་ཡོད་པ་དང་། ནད་རྟགས་མི་མངོན་པའི་ནད་པ་༡༢༧མང་དུ་ཕྱིན་པའི་ཁྲོད་ནས། ལྷ་ས་གྲོང་ཁྱེར་དུ་༦༢དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༣༤། ལྷོ་ཁ་གྲོང་ཁྱེར་དུ་༦། ཆབ་མདོ་གྲོང་ཁྱེར་དུ་༣། ནག་ཆུ་གྲོང་ཁྱེར་དུ་༧། མངའ་རིས་ས་ཁུལ་དུ་༡༥བཅས་ཐོན་ཡོད་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༧ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༡༨མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༣༨༨མང་དུ་ཕྱིན་ཡོད་པ་ནས་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་བསྒྲགས་འདུག་པ་ལྟར། བསྡོམས་རྩིས་བྱས་ན་འདི་ཚེས་༨ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༤༧༦༣ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། འདི་ཚེས་༨ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༣༢༢དང་། ཉེན་ཁ་འབྲིང་ཁུལ་༢༥༧ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་ཁྲི་ཚོ་བརྒལ་བ་ད་དུང་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
གཞན་པེ་ཅིན་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་མང་པོ་གནས་སྡོད་བྱས་ཡོད་པ་དང་ཁྱོན་མི་གྲངས་ས་ཡ་༢༡ཙམ་ཡོད་པའི་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་རྐྱེན་ཉེ་ལམ་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་མུ་མཐུད་དུ་དུས་ཡུན་ཕར་འགྱངས་བྱས་ཡོད་པ་དང་། དེ་ནི་ཁྲིན་ཏུའུ་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་རྐྱེན་པས་ཡིན་འདུག ཁྲིན་ཏུའུ་གྲོང་ཁྱེར་གྱི་ས་གནས་ཁྱབ་ཁོངས་ཁག་གཅིག་གི་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཕྱིན་པའི་གྲངས་ཀ་འཕར་བཞིན་པའི་ཉེར་ལེན་གྱིས་བདུན་ཕྲག་སྔོན་མར་གྲོང་ཁྱེར་དེ་བཞིན་སྒོ་རྒྱ་བསྡམས་པ་དང་མཚུངས་སུ་གྲོང་མི་ཡོངས་ལ་སླར་ཡང་བརྟག་དཔྱད་བྱས་ཤིང་། གཟའ་ཟླ་བའི་ཉིན་ནས་ཁྲིན་ཏུའུ་ཧྲོང་ལིའུ་གནམ་གྲུ་འབབ་ཐང་དུ་གནམ་གྲུ་མང་ཆེ་བ་འཕུར་མཚམས་བཞག་ཡོད་འདུག
དེང་སང་རྒྱ་ནག་སྤྱི་དང་བྱེ་བྲག་བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ཀྱི་ས་ཁུལ་ཁག་ཏུ་(Covid-19)་ཏོག་དབྱིབས་རིམས་ནད་དང་རྣམ་པ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པ་ཡིན་ནའང་། ས་གནས་གང་སར་ཕྱོགས་འདྲ་མིན་ནས་དམ་དྲག་དང་རྒྱ་ནག་གཞུང་གི་འབྲེལ་ཡོད་འཕྲོད་བསྟེན་སྡེ་ཁག་སོགས་གཞུང་འབྲེལ་བརྒྱུད་ལམ་ཁག་ནང་དུས་ཐོག་གྲངས་ཐོ་དུས་ཐོག་ཁ་གསལ་མ་བཏོན་པ་སོགས་ཀྱི་རྐྱེན། བོད་ཀྱི་ས་ཁུལ་སྤྱི་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་གྲངས་འབོར་དང་གནས་སྟངས་ཁ་གསལ་རག་རྒྱུ་ཁག་པོ་ཡོད་པ་རེད།
གསར་འགོད་པ། བོད་རྒྱལ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།