ཚེས་གཉིས་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༡༨༠བྱུང་འདུག
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༢ཉིན་རྒྱབ་བར།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༡༥༩༠ | ༡༨༠ | ༣༧ | ༡༤༣ | ༡༡༧༧༠ |
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༡ཉིན།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༠༩༦༩ | ༦༢༡ | ༤༦ | ༥༧༥ | ༡༡༥༩༠ |
འདི་ཚེས་༢ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༨༠འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༡༤༩༧ཟིན་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་འདུག
རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༢ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ནད་རྟགས་ཅན་༣༧མང་དུ་ཕྱིན་པའི་ཁྲོད་ནས་ལྷ་ས་གྲོང་ཁྱེར་དུ་༥དང་། ཉིང་ཁྲི་གྲོང་ཁྱེར་དུ་༣༠། ཆབ་མདོ་གྲོང་ཁྱེར་དུ་༢བཅས་ཐོན་ཡོད་པ་དང་། ནད་རྟགས་མི་མངོན་པའི་ནད་པ་༡༤༣མང་དུ་ཕྱིན་པའི་ཁྲོད་ནས། ལྷ་ས་གྲོང་ཁྱེར་དུ་༡༠༨དང་། ཆབ་མདོ་གྲོང་ཁྱེར་དུ་༥། ནག་ཆུ་གྲོང་ཁྱེར་དུ་༣༠བཅས་ཐོན་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༡ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༤༦མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༥༧༥མང་དུ་ཕྱིན་ཡོད་པ་ནས་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་བསྒྲགས་འདུག་པ་ལྟར། ཁྱོན་བསྡོམས་འདི་ཚེས་༢ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༡༧༧༠ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། འདི་ཚེས་༢ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༤༤༢དང་། ཉེན་ཁ་འབྲིང་ཁུལ་༡༥༧ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་ཁྲི་ཚོ་བརྒལ་བ་ད་དུང་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
གཞན་བོད་མི་མང་པོ་ཡོད་སའི་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་ནས་ནད་པ་མི་གྲངས་༡༠༠བརྒལ་བའི་རྐྱེན་གྲོང་ཁྱེར་ཁྱོན་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བསྒྲགས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། སྤྱི་ཟླ་༩པའི་ཚེས་༡ཉིན་གྱི་མཚན་མོའི་ཆུ་ཚོད་༢༤བར། ཡུལ་ཤུལ་ཁུལ་ནང་ཏོག་དབྱིབས་ནད་པ་༣༩ཐོན་པའི་ནང་ནས་ནང་ཆེན་རྫོང་ནས་༣༨དང་། ཡུལ་ཤུལ་ནས་༡ཡིན་འདུག་ལ། ད་ལྟའི་བར་ཡུལ་ཤུལ་ཁུལ་དུ་ཏོག་དབྱིབས་ནད་པ་ཐོན་པ་༢༠༠བརྒལ་ནས་ཡུལ་ཤུལ་ལ་ཁྱིམ་སྡོད་བཀག་རྒྱ་སྤྱི་ཚེས་༥ཉིན་བར་དུ་ཕྱིར་འགྱངས་བྱས་འདུག སི་ཁྲོན་ཞིང་ཆེན་དུ་ཚེས་༡་ཉིན་གྱི་མཚན་མོའི་ཆུ་ཚོད་༢༤བར། ནད་པ་༢༠༥བྱུང་ཡོད་པའི་ཁྲོད་རྔ་བ་ལ་༤དང་། དཀར་མཛེས་ལ་༡བཅས་ཐོན་ཡོད་པས། བོད་ཀྱི་ས་ཁུལ་མང་པོར་ས་གནས་སུ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཡུལ་མི་ཚོའི་འགྲོ་འོང་དང་འདུ་འཛོམས་སོགས་ལ་ཚོད་འཛིན་དང་སྟངས་འཛིན་མུ་མཐུད་བྱེད་མུས་ཡིན་པ་རེད།
བོད་ནང་གི་ནད་ཡམས་གནས་སྟངས་ཐད། ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ནད་ཡམས་སྔོན་འགོག་གི་བྱེད་ཐབས་ཁྲོད་བོད་ནང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་དང་ས་གནས་ཀྱི་དངོས་ཡོད་གནས་སྟངས་བར་འགལ་ཟླ་ཆེན་པོ་ཡོད་པ་དང་། ཐ་ན་བོད་ནང་ཏོག་དབྱིབས་ནད་ཡམས་དེ་ཕྱི་ཕྱོགས་རྒྱ་གར་དང་བལ་ཡུལ་བཅས་ནས་འགོས་ཁྱབ་བྱུང་ཚུལ་དང་། མི་མང་གི་ཉིན་རེའི་འཚོ་བར་དཀའ་ངལ་མེད་ཚུལ་སོགས་བསྒྲགས་བཞིན་ཡོད་ཀྱང་། དོན་དངོས་ནད་ཡམས་ལ་ཁ་གཡར་ནས་ཕྱིའི་གསར་འགོད་པ་དང་ཕྱི་མི་སུ་གང་བོད་ནང་ཡོང་བར་བཀག་སྡོམ་དང་ས་གནས་སུ་དམ་དྲག་གི་དབང་གིས་དངོས་ཡོད་གནས་སྟངས་ཤེས་རྟོགས་དཀའ་ཡང་། དངོས་སུ་རྒྱུས་ལོན་བྱེད་སྐབས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་དང་ལྡོག་ས་གནས་རང་གི་གནས་སྟངས་ཞན་པོ་དང་ཛ་དྲག་ཡོད་པ་གསལ་བཏོན་གནང་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།