བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་དགུ་སྟོང་བདུན་བརྒྱ་བརྒལ་འདུག
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༣༠ཉིན་རྒྱབ་བར།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༩༥༧༦ | ༢༡༥ | ༢༡ | ༡༩༤ | ༩༧༩༡ |
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༢༩ཉིན།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༨༨༨༢ | ༦༩༤ | ༤༩ | ༦༤༥ | ༩༥༧༦ |
བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༣༠ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ནད་རྟགས་ཅན་༢༡མང་དུ་ཕྱིན་པ་ནས་ལྷ་ས་གྲོང་ཁྱེར་དུ་༡༤དང་། ཉིང་ཁྲི་གྲོང་ཁྱེར་དུ་༡དང་། ཆབ་མདོ་གྲོང་ཁྱེར་དུ་༡། ནག་ཆུ་གྲོང་ཁྱེར་དུ་༥བཅས་ཐོན་ཡོད་པ་དང་། ནད་རྟགས་མི་མངོན་པའི་ནད་པ་༡༩༤མང་དུ་ཕྱིན་ཡོད་པ་ནས། ལྷ་ས་གྲོང་ཁྱེར་དུ་༡༠༥དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༣༠། ལྷོ་ཁ་གྲོང་ཁྱེར་དུ་༣། ཆབ་མདོ་གྲོང་ཁྱེར་དུ་༣། ནག་ཆུ་གྲོང་ཁྱེར་དུ་༤༢། མངའ་རིས་ས་ཁུལ་དུ་༧བཅས་ཐོན་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༢༩ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༤༩མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༦༤༥མང་དུ་ཕྱིན་ཡོད་པ་བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་བསྒྲགས་འདུག་པ་བསྡོམས་ན། འདི་ཚེས་༣༠ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༩༧༩༡ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། འདི་ཚེས་༣༠ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༤༦༦དང་། ཉེན་ཁ་འབྲིང་ཁུལ་༡༩༠ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་མང་པོ་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས་ད་ལྟའི་བར་ཉིན་གྲངས་༡༩ལྷག་འགྲོ་བཞིན་ཡོད་པ་དང་། གནས་ཚུལ་བཀག་བསྡོམས་ཀྱི་རྐྱེན་གྱིས་ཕྱི་ཕྱོགས་ནས་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་གྱུར་ཡོད་ནའང་། ས་གནས་ཁག་དུ་ནད་ཡམས་འགོས་ཁྱབ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཟས་རིགས་དང་ཉིན་རེའི་འཚོ་བའི་མཐུན་རྐྱེན་འདང་ངེས་མེད་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཁར། ནད་འགོས་མཁན་ཚོ་ཟུར་བཀག་ཁང་དུ་ཁྲིད་ཀྱི་ཡོད་ནའང་། སྨན་བཅོས་ལྟ་རྟོག་བྱེད་མཁན་མེད་པར་བཞག་ཡོད་པ་བོད་ནས་བརྙན་ཐུང་འབྱོར་བ་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་ཡོད། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་སྤྱི་ཚེས་༣༠ཉིན་བོད་རང་སྐྱོང་ལྗོངས་ཀྱི་ནང་ནད་ཡམས་ཀྱི་གནས་སྟངས་སྐོར་ཀྱི་གནས་ཚུལ་ཁག་ཅིག་ས་གནས་མི་དམངས་ནས་བྲིས་པ་དྲ་ཐོག་བརྒྱུད་སྤེལ་ཡོད་པའི་ནང་། ནད་འགོས་མཁན་ཉེ་འཁྲིས་སུ་ཡོད་ནའང་ཟུར་བཀག་བྱེད་ཀྱི་མེད་པ་སོགས་འབྲེལ་ཡོད་ལས་བྱེད་ཚོའི་ལས་དོན་འཐུས་ཤོར་དང་། ཁག་ཅིག་གིས་ནད་པ་ཟུར་བཀག་བྱེད་སར་ཡོད་ནའང་། ཁ་ཡ་བྱེད་མཁན་མེད་པ་དང་། རིམས་འགོག་ཅ་དངོས་དང་འཕྲུལ་ཆས་འདང་ངེས་མེད་སྟབས་གཏན་འཁེལ་ནད་པ་ཡིན་ནའང་དུས་ཐོག་སྨན་བཅོས་རག་གི་མེད་པ་སོགས་ཀྱི་གནས་ཚུལ་གསལ་ཡོད་པ་རེད།
གཞན་ཉེ་ཆར་ཕྱི་ཟླ་བརྒྱད་པའི་འགོ་སྟོད་ནས་བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཕྱིན་པར་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་ཡག་པོ་མ་བྱས་པའི་ཉེས་འཛུགས་འོག་རྒྱ་གཞུང་གི་དཔོན་རིགས་དང་ལས་བྱེད་༡༠༠ ལྷག་ལས་གནས་ནས་གནས་དབྱུང་བཏང་བ་འམ་ཉེས་ཆད་བཏང་བ་སོགས་བྱུང་ཡོད་པའི་གནས་ཚུལ་ལྷོ་རྒྱ་ནག་གི་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་ཡོད་པ་དང་། དེ་མིན་མང་པོ་ཞིག་ལ་རིམས་ནད་སྔོན་འགོག་ཐད་ཕུལ་བྱུང་གི་ལས་ཀ་བྱས་ཚུལ་གྱིས་གཟེངས་བསྟོད་བྱས་པའི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག་བཀོད་སྤེལ་བྱས་པའི་ནང་། དཔེར་ན་གཞིས་ཀ་རྩེའི་ཁུལ་ནས་མི་སྣ་༦༥༩ལ་གཟེངས་བསྟོད་བྱས་ཚུལ་སྤྱི་ཚེས་༣༠ཉིན་གནས་ཚུལ་གསལ་བསྒྲགས་བྱས་འདུག
གཞན་བོད་ཀྱི་ས་ཁུལ་མཚོ་སྔོན་ཡུལ་ཤུལ་ནང་སྤྱི་ཚེས་༢༩ཉིན་ནད་པ་༤༤ཐོན་ཡོད་པ་ནི། ནང་ཆེན་རྫོང་ནས་༤༢དང་། ཡུལ་ཤུལ་གྲོང་ཁྱེར་ནས་༡། རྫ་སྟོད་རྫོང་ནས་གཅིག་བཅས་ཡུལ་ཤུལ་ནང་སྤྱི་ཚེས་༢༩་ཉིན་བར་ཁྱོན་བསྡོམས་ནད་པ་༢༤༨བྱུང་ཡོད་པ་དང་། དེ་བཞིན་མཚོ་སྔོན་ཟི་ལིང་དང་། རྨ་ལྷོ། ཟི་ཁྲོན་རྔ་བ། དཀར་མཛེས་རྫོང་བཅས་ས་ཁུལ་གཞན་དུ་ཡང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་འགྲོ་བཞིན་པས། ས་གནས་སུ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཡུལ་མི་ཚོའི་འགྲོ་འོང་དང་འདུ་འཛོམས་སོགས་ལ་ཚོད་འཛིན་དང་སྟངས་འཛིན་མུ་མཐུད་བྱེད་མུས་ཡིན་པའི་གནས་ཚུལ་ཐོན་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།