གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་ཞུགས་མཁན་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིས་བོད་མིའི་སྐུ་ཚབ་དང་མཇལ་འདུག

2022.11.15
གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་ཞུགས་མཁན་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིས་བོད་མིའི་སྐུ་ཚབ་དང་མཇལ་འདུག གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་ཞུགས་མཁན་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིས་བོད་མིའི་སྐུ་ཚབ་དང་མཇལ་སྐབས། ༡༡།༡༤།༢༠༢༢
@ChrisLawSNP

དེ་ཡང་(cop 27)་ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་ཆེན་ཐེངས་༢༧པ་དེ། སྤྱི་ཟླ་༡༡པའི་ཚེས་༦ནས་༡༨བར་ཨེ་ཇེབ་(Egypt)་རྒྱལ་ཁབ་ཏུ་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་དེར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བོད་མིའི་སྐུ་ཚབ་བེུད་ཁག་ཅིག་མཉམ་ཞུགས་ཀྱིས། བོད་ནང་གི་ཁོར་ཡུག་གི་གནས་སྟངས་གཉན་འཕྲང་ཆེ་བའི་དཀའ་ངལ་སྐོར་ངོ་སྤྲོད་དང་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཚོགས་ཆེན་དེར་མཉམ་ཞུགས་གནང་མཁན་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Chris Law)་ཡིས་བོད་མིའི་སྐུ་ཚབ་དང་མཇལ་འཕྲད་གནང་སྟེ་བོད་ཀྱི་ཁོར་ཡུག་གནས་སྟངས་ཐད་ལ་ཞུ་གཏུག་གནང་བཞིན་པར་མོས་མཐུན་གྱི་རྣམ་འགྱུར་བསྟན་ནས། (Chris Law)་ཡིས་སྤྱི་ཚེས་༡༤ཉིན་ཁོང་གི་སྤྱི་ཚོགས་དྲྭ་རྒྱ་(Twitter)་ཐོག་བོད་མིའི་སྐུ་ཚབ་དང་མཇལ་འཕྲད་གནང་བའི་པར་དང་བཅས་སྤེལ་ནས། ངས་(cop 27)་གྱི་ལྷན་ཚོགས་ཐོག བཙན་བཟུང་འོག་ཡོད་པའི་བོད་ཀྱི་ས་ཁུལ་ནས་གོ་ལའི་མི་གྲངས་ཐེར་འབུམ་གཅིག་དང་གྲངས་ཆུང་༤ལྷག་ལ་འཐུང་ཆུ་མཁོ་འདོན་བྱེད་ཀྱི་ཡོད་པ་ངོ་སྤྲོད་བྱུང་སོང་ཞེས་གསུང་ནས། བོད་ནང་གི་ཁོར་ཡུག་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་སྐོར་ལ་ཚན་རིག་དང་མཐུན་པའི་ཐོག་ནས་ཞིབ་འཇུག་བྱེད་རྒྱུ་སོགས་ཕྱི་གསལ་ནང་གསལ་བཟོ་དགོས་པ་ཧ་ཅང་ཉག་ཕྲ་བ་དང་། ཕྱོགས་གང་ཐད་ནས་གལ་ཆེན་ཡིན་པ་གཟིགས་བྱུང་ཞེས་གསུང་འདུག
ད་ཐེངས་བོད་ཀྱི་སྐུ་ཚབ་ཚོས་ཚོགས་ཆེན་དེ་དང་འབྲེལ་རྒྱལ་སྤྱིའི་འགོ་ཁྲིད་དང་ཁོར་ཡུག་ཚན་རིག་པ་བཅས་དང་མཇལ་འཕྲད་ཀྱིས་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་། ཚོགས་འདུ་ཁག་ཏུ་བཅར་ནས་གཏམ་བཤད་གནང་རྒྱུ་སོགས་གནང་བཞིན་ཡོད་པ་རེད། དཔེར་ན། སྤྱི་ཚེས་༡༢ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་སྐོར་གྱི་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་ཀྱིས་(COP 27)་ཞེས་པའི་ལྷན་ཚོགས་ཐོག་གཏམ་བཤད་སྤེལ་བའི་ནང་། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་བོད་ནང་གི་བོད་མི་མཉམ་ཞུགས་ཐུབ་ཀྱི་མེད་པ་སོགས་ཀྱི་གནས་སྟངས་ནི་ཡ་ང་བ་རེད་ཅེས་བརྗོད་འདུག
སུད་ཝེ་ཌན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་གྷི་ར་ཏཱ་ཐུན་སྦརག་ལགས་ཀྱིས་ངོ་རྒོལ་གྱི་ཚུལ་དུ་ད་རེས་ཀྱི་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་༢༧བར་ཕེབས་མེད་ཀྱང་། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ན་གཞོན་ལས་འགུལ་བ་མང་པོས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྟེང་འགན་ཁུར་བླངས་ནས་རྣམ་འགྱུར་ཤུགས་དྲག་བསྟན་ཡོད་པ་དང་། ད་རེས་ཀྱི་ཚོགས་འདུའི་ཐོག་གཞོན་སྐྱེས་ཁོར་ཡུག་ལས་འགུལ་བ་མང་པོས་ལས་འགུལ་སྣ་མང་སྤེལ་ནས་གྲུབ་འབྲས་ཡག་པོ་བླངས་ཡོད་ཅེས་ཨ་རིའི་གནམ་གཤིས་འགྱུར་ལྡོག་ལས་འགུལ་བ་ལོ་ན་༢༠ཡིན་པའི་བུ་མོ་སོ་ཧྥི་ཡ་ཁེ་ཡན་ནི་ལགས་ཀྱིས་སྦི་སྦི་སི་གསར་ཁང་ལ་འགྲེལ་བརྗོད་བྱས་འདུག
ཨ་རིའི་མི་སེར་ཨི་རན་མི་རིགས་ཡིན་པ་ཁོར་ཡུག་ལས་འགུལ་བ་སོ་ཧྥི་ཡ་ཁེ་ཡན་ལགས་དེ་སྔ་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས། སྤྱི་ནོར་༧གོང་ས་མཆོག་ལ་འཇལ་ཁ་ཞུས་མྱོང་ཡོད་འདུག་ལ། ཁོང་ནི་རྒྱལ་ཚོགས་ཀྱི་ཁོར་ཡུག་ཐད་ཀྱི་སྤྱི་ཁྱབ་དྲུང་ཆེར་སློབ་སྟོན་ཕུལ་མཁན་ཡིན་པ་རེད།
བུ་མོ་སོ་ཧྥི་ཡ་ཁེ་ཡན་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། ང་ཚོ་ཨེ་རན་གྱི་ན་གཞོན་བུད་མེད་ཚོས་བེུད་ཀྱི་ཐོབ་ཐང་དང་འབྲེལ་ནས་ངོ་རྒོལ་གྱེན་ལངས་བྱེད་ཀྱི་ཡོད་པས་ནུས་སྟོབས་གོང་སྤེལ་གཏོང་བའི་རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་སམ་ཞེས་ལམ་སྟོན་ཞུས་པར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་རང་བཞིན་སྐྱེས་པ་ཚོར་དབང་ཆའི་ཐད་དོ་སྣང་ཆེ་བ་དང་། བེུད་ཚོར་བྱམས་བརྩེའི་ཐད་དོ་སྣང་ཆེ་བ་ཡོད་པས། བུད་མེད་ཚོ་གཞན་ལ་རོགས་བྱེད་པའི་ནུས་པ་ཡོད་པས། འཛམ་གླིང་བྱམས་བརྩེ་ལྡན་པ་དང་བདེ་སྐྱིད་ལྡན་པ་སྐྲུན་པའི་ནུས་པ་ཆེ་བ་ཡོད། དབུ་ཁྲིད་བསྐྱེད་བསྲིངས་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་རྒྱུ་ནི་གལ་ཆེའི་རང་བཞིན་ཡིན་པ་ལམ་སྟོན་གནང་ཡོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎