བོད་མི་ཚོའི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱེད་བཞིན་འདུག


2016.11.11
རྒྱ་ནག་གི་ཕྱིར་བསྐྱོད་ལམ་ཡིག རྒྱ་ནག་གི་ཕྱིར་བསྐྱོད་ལམ་ཡིག
པར་ཚགས།

རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ནང་གི་བོད་མི་ཚོའི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱེད་བཞིན་པ་རེད་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་ཟླ་ཤས་ནང་རྒྱ་ནག་གི་འགྲིམ་འགྲུལ་ལས་ཁུངས་འདྲ་མིན་བརྒྱུད་མདོ་སྨད་ཕྱོགས་ཀྱི་བོད་མི་མང་པོར་རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར་འགྲོ་ལུགས་བརྒྱུད་རིམ་ཐོག་ནས་རག་ཡོད་པ་མ་ཟད། བོད་མི་མང་པོ་བལ་ཡུལ་དང་། ཐེ་ལན་ཊི་སོགས་སུ་ཡུལ་སྐོར་སྤྲོ་འཆམ་དང་གནས་སྐོར་སོགས་ལ་བསྐྱོད་ཐུབ་པ་བྱུང་ཡོད། ཡིན་ན་ཡང་ཟླ་བ་འདིའི་ཚེས་༩་ཙམ་ནས་རྨ་ལྷོ་གཙོས་མདོ་སྨད་ཕྱོགས་ཀྱི་ས་ཁུལ་མང་པོར། རྒྱ་ནག་གི་འབྲེལ་ཡོད་ས་གནས་ལས་བྱེད་ཕྱི་བསྐྱོད་ལག་འཁྱེར་ཡོད་པའི་བོད་མི་ཚོའི་ཁྱིམ་ལ་ཡོང་ནས་ཕྱིར་བསྐྱོད་ལག་འཁྱེར་ཐོིག་ཡུལ་ཚོ་དང་གྲོང་ཚོ་རིམ་པས་རྟགས་ཐམ་རྒྱག་དགོས་པ་དང་། རྟགས་ཐམ་རྒྱབ་རྗེས་ཕྱིར་སྤྲོད་རྒྱུ་ཡིན་ལུགས་བཤད་ནས་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱེད་བཞིན་ཡོད་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་ནི་རྒྱ་ནག་གིས་བོད་མི་ཚོ་ཕྱི་ལ་འགྲོ་བསྐྱོད་དང་ལྷག་པར་དུ་མི་རིང་བའི་༢༠༡༧་ལོའི་ཕྱི་ཟླ་༡་ཚེས་༣་ནས་༡༤་བར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་གཏན་ཁེལ་བར་བརྟེན་བོད་མི་ཚོ་བཀག་བསྡོམས་ཆེད་ཡིན་པ་མང་པོས་ཚོད་དཔག་བྱེད་བཞིན་པ་ལས་དོན་དངོས་གནས་ཚུལ་ཁ་གསལ་མེད་པ་དང་། ལག་འཁྱེར་ཕྱིར་བསྡུ་བྱེད་བཞིན་པའི་གནས་ཚུལ་དེ་མདོ་སྨད་མཚོ་སྔོན་དང་། ཟི་ཁྲོན། ཀན་སུའུ་ཕྱོགས་ཀྱི་ས་ཁུལ་མི་ཉུང་བར་བྱུང་བཞིན་ཡོད་འདུག་ཅིང་། ལག་འཁྱེར་ཐོག་ཚོང་ལས་བ་དང་ཡང་ན་ཚོང་དོན་གྱི་མཐོང་མཆན་visa་ཡོད་ན་ཅུང་དམིགས་བསལ་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
དེ་སྔ་སྤྱི་ལོ་༢༠༡༢་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཁོངས་སུ་རྒྱ་ནག་གིས་བོད་མིའི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱས་ཏེ། བོད་མི་རྣམས་ཕྱི་ཕྱོགས་སུ་འགྲོ་བསྐྱོད་མི་ཐུབ་པའི་བཀག་སྡོམ་བྱས་ཡོད་པ་དང་། ལོ་དེར་བོད་རང་སྐྱོང་ལྗོངས་ཁུལ་ནས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་བར་འགྲོ་མཁན་གྱི་བོད་མི་མང་དག་ཞིག་བོད་དུ་ཕྱིར་ལོག་རྗེས་འདྲི་རྩད་དང་འགའ་ཤས་ཟླ་བ་མང་པོའི་རིང་བཀག་ཉར་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།  ཕྱི་ལོ་༢༠༡༤་ལོ་ནས་བཟུང་བོད་མི་རྣམས་ཕྱི་ཕྱོགས་དང་ལྷག་དོན་རྒྱ་གར་ལ་བསྐྱོད་རྒྱུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ། ཞུ་དག་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎